འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་17ཉིན།

༄༅།།སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་ཆེད་ཀོང་ཏུང་གིས་སྤྱི་ཚོགས་ལས་དོན་
སློབ་གྲྭར་སྤེལ་རྒྱུ་ཚད་ལྡན་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་17ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་སློབ་གསོ་མིན་པའི་སློབ་ཁྲིད་ཀྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་ཆེད། ཉེ་ཆར་ཀོང་ཏུང་ཞིང་ཨུད་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་བརྡ་ཐོ(གཤམ་དུ“བརྡ་ཐོ”ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ནས། ཀོང་ཏུང་གི་དོན་དངོས་དང་ཟུང་འབྲེལ་གྱིས་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ་སྤྱི་ཚོགས་ལས་དོན་སློབ་གྲྭར་སྤེལ་རྒྱུ་ཚད་ལྡན་དུ་བཏང་ནས། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་ཆེད་བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་ཀྱི་གདུབ་ཟུམ་བཏོད་ཡོད་པ་རེད།
   བརྡ་ཐོའི་ནང་བླང་བྱ་བཏོན་དོན། སྤྱི་ཚོགས་ལས་དོན་སློབ་གྲྭར་སྤེལ་བའི་འབྲེལ་ཡོད་གནས་ཚུལ་དང་སྲིད་ཇུས་ཀྱི་གཞི་འཛིན་ས་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཏེ་སྤྱི་ཚོགས་ལས་དོན་སློབ་གྲྭར་སྤེལ་བའི་ཆོག་འཐུས་ཚད་གཞི་བཟོ་དགོས་པ་དང་། སྤྱི་ཚོགས་ལས་དོན་སློབ་གྲྭར་སྤེལ་བའི་ཞིབ་མཆན་དང་དགོངས་སྐོར་སྙན་སེང་ལམ་ལུགས་དང་མིང་ཐོ་དཀར་པོའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ་སྤྱི་ཚོགས་ལས་དོན་སློབ་གྲྭར་སྤེལ་བའི་སྤྱི་འབོར་ཚོད་འཛིན་ནན་པོ་བྱེད་དགོས་པ། སློབ་གྲྭར་སྤེལ་བའི་སྤྱི་ཚོགས་ལས་དོན་གྱི་བརྒྱུད་རིམ་གྱི་དོ་དམ་ཚད་ལྡན་དང་ཁ་གསལ་བཟོས་ནས་སློབ་གྲྭར་སྤེལ་བའི་བྱེད་སྒོའི་སྤུས་ཚད་མཐོ་རུ་གཏོང་དགོས་པ། བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་པ་དང་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། སྤྱི་ཚོགས་ལས་དོན་སློབ་གྲྭར་སྤེལ་རིགས་རྒྱུན་རྣམ་ཅན་གྱི་སྒོ་ནས་ཚད་ལྡན་དུ་གཏོང་དགོས་པ་བཅས་རེད།
   ཀོང་ཏུང་གིས་རིམ་པ་དབྱེ་ནས་ཞུ་གཏུག་ཐེར་འདོན་གྱི་ཐད་སྦྲེལ་ཁ་པར་དང་ཡིག་སྒམ་བཙུགས་ཏེ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གྱི་སྤྱི་ཚོགས་ལས་དོན་སློབ་གྲྭར་སྤེལ་བའི་མིང་ཐོ་དཀར་པོ་ཆགས་པ་དང་འབྲེལ་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱས་ནས་ལྟ་ཞིབ་ཚད་ལེན་དང་། ཐེར་འདོན། ཞིབ་དཔྱད་སོགས་ཀྱི་ལམ་སྲོལ་ཁ་གསལ་བཟོ་རྒྱུ་ཡིན་པ་རེད། ཞིང་ཨུད་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒྱུན་རྣམ་ཅན་གྱི་སྒོ་ནས་མངོན་གསལ་དུ་རྟོག་ཞིབ་དང་མངོན་ཆུང་དུ་རྩད་གཅོད་བྱས་ཏེ། ལས་དོན་དོན་འཁྱོལ་བྱས་མེད་པའི་ས་ཁུལ་བརྡ་ཁྱབ་བཏང་ནས་དམར་འདོན་བྱས་ཏེ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་སློབ་གསོ་མིན་པའི་སློབ་ཁྲིད་ཀྱི་ཁུར་པོ་ཡང་དུ་ཏན་ཏིག་བཏང་ནས་དགེ་རྒན་བློ་རྩེ་གཅིག་སྒྲིམ་དང་། སེམས་ལྷོད་པོ། བློ་བདེ་པོ་བཅས་ཀྱི་སྒོ་ནས་སློབ་ཁྲིད་བྱེད་དུ་འཇུག་རྒྱུ་ཡིན་པ་རེད།
   བརྡ་ཐོའི་ནང་ཁ་གསལ་བཏོན་དོན། ཆེད་དོན་བཅོས་སྒྲིག་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། དགེ་རྒན་གྱི་ཁུར་པོ་ཡང་གཏོང་དང་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གཅིག་གྱུར་མཐའ་འཁྱོངས་བྱེད་པ། ཆེད་དོན་བཅོས་སྒྲིག་བྱ་སྤྱོད་དེ་རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བཅས་བྱས་ཏེ། དགེ་སློབ་བློ་ཡིད་ཚིམ་མིན་ནས་ཆེད་དོན་བཅོས་སྒྲིག་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས།