འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་17ཉིན།

༄༅།།ཨ་རིའི་བྱ་སྤྱོད་འདི་ནི་ནོར་འཁྲུལ་རེད།   

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་17ཉིན། 08:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཨ་རི་ཕྱོགས་ཀྱིས་ཀྲུང་གོར་སྒོ་ཁྲལ་གསར་པ་སྣོན་རྒྱུའི་ཁྱབ་བསྒྲགས་བྱས་པར་དམིགས་ཏེ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཟླ་5ཚེས་15ཉིན་རྒྱུན་ལྡན་གསར་འགོད་པའི་ཚོགས་འདུའི་ཐོག་དྲི་བར་ལན་འདེབས་སྐབས་བཤད་དོན། ཀྲུང་གོ་ཕྱོགས་ཀྱི་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་གནད་དོན་ཐད་གནས་འཕྲིན་སྤེལ་ཟིན་པས་དེར་གཟིགས་པས་ཆོག ཨ་རི་ཕྱོགས་ཀྱིས་དཔལ་འབྱོར་ཚོང་དོན་གྱི་གནད་དོན་མུ་མཐུད་ཆབ་སྲིད་ཅན་དུ་བསྒྱུར་ནས། ཀྲུང་གོར་འཛིན་པའི་སྒོ་ཁྲལ་སྔར་ལས་མང་དུ་གཏོང་བ་ནི་ནོར་འཁྲུལ་གྱི་ཐོག་ནོར་འཁྲུལ་བསྣན་པ་རེད། དེའི་དབང་གིས་ནང་འདྲེན་ཚོང་ཟོག་གི་མ་གནས་མངོན་གསལ་མཐོ་རུ་ཕྱིན་ནས། ཨ་རིའི་ཁེ་ལས་དང་འཛད་སྤྱོད་པར་གྱོང་གུན་དེ་བས་མང་པོ་འཁུར་དུ་འཇུག་རྒྱུ་དང་། ཨ་རིའི་འཛད་སྤྱོད་པར་རིན་དོད་དེ་བས་ཆེ་བ་གཏོང་དུ་འཇུག་རྒྱུ་ལས་མེད། 
     ཝང་ཝུན་པིན་གྱིས་བཤད་དོན། མུའུ་ཏི་ཀུང་སིས་ཚོད་དཔག་བྱས་པར་གཞིགས་ན། ཨ་རིའི་འཛད་སྤྱོད་པས་ཀྲུང་གོར་སྒོ་ཁྲལ་འཕར་མ་བསྡུ་བའི་མ་གནས་92%གཏོང་དགོས་ཀྱི་ཡོད་པ་དང་། ཨ་རིའི་ཁྱིམ་ཚང་གི་ལོ་རེའི་འགྲོ་སོང་ཨ་སྒོར་1300མང་དུ་གཏོང་དགོས་ཀྱི་ཡོད། ཨ་རི་ཕྱོགས་ཀྱི་སྲུང་སྐྱོང་རིང་ལུགས་ཀྱི་བྱེད་ཐབས་ཀྱིས་གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་འབྲེལ་བའི་བདེ་འཇགས་དང་བརྟན་ལྷིང་ལའང་གཏོར་བཤིག་དེ་བས་ཆེན་པོ་བཟོ་སྲིད། ཡོ་རོབ་ཀྱི་སྲིད་འཛིན་མི་སྣ་གལ་ཆེན་མང་པོ་ཞིག་གིས་སྒོ་ཁྲལ་སྣོན་པ་ནི་གོ་ལ་ཧྲིལ་པོའི་ཚོང་དོན་ལ་གཏོར་བཤིག་གཏོང་བའི་ཐབས་ཇུས་ངན་པ་ཞིག་རེད་ཅེས་བཤད་པ་རེད། 
     ང་ཚོས་ཨ་རི་ཕྱོགས་ལ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་ཏན་ཏིག་ཞུས་ནས། ཀྲུང་གོར་སྒོ་ཁྲལ་སྣོན་པའི་བྱེད་ཐབས་འཕྲལ་མར་མེད་པར་བཟོ་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་དེ་རང་ངོས་ཀྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།