༄༅།།ལོ་13རིང་བཙོན་འཇུག་བྱ་རྒྱུ་རེད།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་14ཉིན། 15:40】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཅང་སུའུ་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ་ཟུར་པ་ཁྲེན་ཅན་ཏུང་གིས་ལྐོག་རྔན་བླངས་པའི་གྱོད་གཞི་དེ་2024ལོའི་ཟླ་5ཚེས་13ཉིན། ཧོའེ་ཨན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་བ་ཁྲེན་ཅན་ཏུང་ལ་ལྐོག་རྔན་བླངས་པའི་ཉེས་གསོག་གི་ཐོག་ནས་ལོ་བཅུ་གསུམ་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་ལྔ་བརྒྱ་བཅད་པ། ཁྲེང་ཅན་ཏུང་གིས་ལྐོག་རྔན་བླངས་ནས་བྱས་ཉེས་བསགས་ཏེ་ཐོབ་པའི་ཐོབ་ཆ་ཁྲིམས་ལྟར་བདའ་འདེད་རྩིས་སྤྲོད་བྱས་ནས་རྒྱལ་མཛོད་ལ་འབུལ་དགོས།
ཞིབ་གཅོད་བྱས་པ་བརྒྱུད། 2004ལོ་ནས་2021ལོའི་བར། ཞུ་སྦྱོར་ཕྱི་མ་བ་ཁྲེན་ཅན་ཏུང་གིས་ཅང་སུའུ་ཞིང་ཆེན་སྤྱི་བདེ་ཐིང་ཆ་འཕྲིན་འཕྲིན་གཏོང་ཁྲུའུ་ཡི་ཁྲུའུ་ཀྲང་དང་། བཀོད་འདོམས་ལྟེ་གནས་ཀྱི་ཀྲུའུ་རེན། ཐིང་ཀྲང་གཞོན་པ་སོགས་ལས་གནས་ཀྱི་འགན་འཁུར་བའི་སྟབས་བདེ་སྤྱད་དེ། འབྲེལ་ཡོད་ཁེ་ལས་དང་སྒེར་ལ་ཆ་འཕྲིན་ཅན་གྱི་སྒྲིག་ཆས་ཉོ་སྒྲུབ་དང་། རྣམ་གྲངས་འགན་ལེན་བྱེད་པ། ཐོན་རྫས་དྲིལ་བསྒྲགས་ཁྱབ་གདལ་སོགས་ཀྱི་ཐད་རོགས་རམ་བྱས་ནས། གཞན་གྱིས་སྤྲད་པའི་རྒྱུ་ནོར་མི་དམངས་ཤོག་སྒོར་ཁྲི་5335ལྷག་ཙམ་བླངས་ཡོད་པ་རེད།
ཧོའེ་ཨན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཞུ་སྦྱོར་ཕྱི་མ་བ་ཁྲེང་ཅན་ཏུང་གི་བྱ་སྤྱོད་དེ་ལྐོག་རྔན་བླངས་པའི་བྱས་ཉེས་སུ་གྲུབ་པའི་ངོས་འཛིན་བྱས། ཁྲེང་ཅན་ཏུང་གིས་གྱོད་གཞིའི་ཁྲོད་རང་ཉིད་ཀྱི་ཉེས་པ་ཇི་མ་ཇི་བཞིན་ངོས་ལེན་བྱས་པ་དང་། གྱོད་གཞི་ཐག་གཅོད་ལས་ཁུངས་ཀྱི་ཁོང་དུ་མ་ཆུད་པའི་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོན་དངོས་མང་ཆེ་བ་རང་འགུལ་ངང་ངོས་ལེན་ཞུས་པ། གཞན་གྱི་ཉེས་གསོག་བྱས་ཉེས་ཐེར་འདོན་བྱས་ཤིང་། ཞིབ་བཤེར་བྱས་རྗེས་དོན་དངོས་ཡིན་པ་ར་སྤྲོད་བྱས་ནས་བྱས་རྗེས་བཞག་པ་དང་། ཉེས་པ་ཁས་ལེན་དང་ཉེས་ཆད་ཁས་ལེན་བྱས་པར་གཞིགས་ནས། བཅའ་ཁྲིམས་ལྟར་ཉེས་ཆད་ཡང་མོར་བཅད་ཆོག་པས། ཁྲིམས་ཁང་གིས་་དཔྱད་མཚམས་གོང་གསལ་བཞིན་བཏང་བ་རེད།
