འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་14ཉིན།

༄༅།།ལྷ་མོ་གཡུ་སྒྲོན། བོད་ཀྱི་སྲོལ་རྒྱུན་འཚེམ་དྲུབ་མཐོ་སྒང་ནས་ཐོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་14ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལྷ་མོ་གཡུ་སྒྲོན། བོད་ཀྱི་སྲོལ་རྒྱུན་འཚེམ་དྲུབ་མཐོ་སྒང་ནས་ཐོན།
   “རིག་པ་བསྒྲིམས་པའི་འཚེམ་དྲུབ་ལས། ངོ་མཚར་སྣང་བ་ཅི་ཡང་སྟེར།” བོད་ཀྱི་འཚེམ་དྲུབ་ཁང་དུ་ལྷ་མོ་གཡུ་སྒྲོན་གྱིས་འཚེམ་དྲུབ་མཁན་རེ་རེ་བཞིན་ལ་མཛུབ་ཁྲིད་བྱེད་བཞིན་པ་དང་། འཚེམ་དྲུབ་ཁང་དུ་འཚེམ་དྲུབ་མཁན་48ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བོད་ཀྱི་དཔའ་བོའི་ལོ་རྒྱུས་སྙན་ངག་གི་གཏམ་རྒྱུད་འཁོད་པའི་བོད་ཀྱི་འཚེམ་དྲུབ་བརྩམས་ཆོས་ཆེ་གྲས་《གེ་སར་རྒྱལ་པོའི་འཚེམ་དྲུབ་རིང་མོ་》ཞེས་པ་ཞིག་འཚེམ་དྲུབ་བྱེད་བཞིན་ཡོད།
   རང་ལོ་38ལོན་པའི་ལྷ་མོ་གཡུ་སྒྲོན་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་རེན་ཆེན་བོད་རིག་གནས་སྒྱུ་རྩལ་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ལག་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་ཞིག་རེད། ཁོང་ནི་བོད་ཀྱི་འཚེམ་དྲུབ་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་། ཆུང་དུས་ནས་རྒན་རབས་པའི་དྲུང་ལས་མཐོང་ཐོས་བྱུང་བས། འཚེམ་དྲུབ་ཀྱི་ལག་རྩལ་སློབ་སྦྱོང་བྱས་པ་རེད། “སྔོན་ཆད་འཚེམ་དྲུབ་ནི་བོད་རིགས་བུད་མེད་ཀྱི་ཐོད་ཕྱམ་ཙམ་ཡིན་པ་རེད།” ལྷ་མོ་གཡུ་སྒྲོན་གྱིས་འཚེམ་དྲུབ་ཁྱབ་གདལ་གཏོང་ཆེད། འཚེམ་དྲུབ་བཟོ་རྩལ་གསར་གཏོད་བྱས་ཏེ་སྲོལ་རྒྱུན་ལྡན་པའི་འཚེམ་དྲུབ་ལ་གསོན་ཤུགས་གསར་པ་འཕེལ་བའི་ཞིབ་འཇུག་བྱེད་འགོ་བཙུགས་ཡོད།
   2009ལོར། ལྷ་མོ་གཡུ་སྒྲོན་གྱིས་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དུ་བོད་ཀྱི་འཚེམ་དྲུབ་ཀུང་སི་ཞིག་བཙུགས་པ་རེད། ཐང་གའི་ལག་རྩལ་གྱི་བློ་སྒོ་ཕྱེ་ནས་ཁོང་དང་འཚེམ་དྲུབ་བུད་མེད་ཁག་གཅིག་གིས་ལག་རྩལ་ལ་ཞིབ་འཇུག་བྱས་ཏེ། བོད་ཀྱི་རྒྱན་གོས་འཚེམ་དྲུབ་བྱས་པ་དང་། རང་བྱུང་གི་མཛེས་ལྗོངས་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚེམ་དྲུབ་ལ་བརྟེན་ནས་མངོན་པར་བྱས་པས། བོད་ཀྱི་འཚེམ་དྲུབ་ཀྱི་མཚོན་ཚུལ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
   ཐོག་མར་གསར་གཏོད་བྱེད་དུས། ལྷ་མོ་གཡུ་སྒྲོན་གྱིས་འཚེམ་དྲུབ་གསོན་ཉམས་དོད་པོ་དེ་ཙམ་བཟོ་ཐུབ་ཀྱི་མེད་པས། ཁོ་མོས་“ངས་གཙོད་ཅིག་འཚེམ་དྲུབ་བྱེད་འདོད་ཀྱང་། འཚེམ་དྲུབ་དུ་སྤྱོད་པའི་དར་སྐུད་ཀྱིས་མཚོན་དཀའ་བ་དང་། ཁ་དོག་སྣ་ཁ་གཅིག་རྐྱང་གི་དར་སྐུད་ཀྱང་ཕྲ་མོ་དེ་ཙམ་མེད་”ཟེར། དེ་ནས་མོས་ས་གནས་ཁག་ཏུ་བསྐོར་ནས་དར་སྐུད་འཚམ་པོ་བཙལ་མཐར་སུའུ་ཀྲོའུ་ཡི་དར་སྐུད་སྤྱད་འདུག
   འཚེམ་དྲུབ་ཀྱི་ལས་ཀ་བྱས་ནས་ལོ་བཅུ་ལྷག་ཙམ་སོང་རིང་། ལྷ་མོ་གཡུ་སྒྲོན་གྱིས་འཚེམ་དྲུབ་གསར་གཏོད་དང་འཕེལ་རྒྱས་ལ་གཞོལ་བཞིན་ཡོད། ཀུང་སི་བཙུགས་པའི་དུས་འགོར། ས་གནས་དེ་གའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ཁོ་མོས་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་ཐ་ན་ཐེ་ལན་དང་། ནེ་པ་ལ། དབྱི་རན་སོགས་རྒྱལ་ཁབ་ཏུ་འཚེམ་དྲུབ་བརྩམས་ཆོས་འགྲེམས་སྟོན་བྱེད་པར་བསྐྱོད་ཡོད།
   ལྷ་མོ་གཡུ་སྒྲོན་གྱིས་“འཚེམ་དྲུབ་བཟོ་རྩལ་གྱི་ཐོན་རྫས་བཟོས་ནས། མི་དེ་བས་མང་པོར་བོད་ཀྱི་འཚེམ་དྲུབ་ཤེས་རྟོགས་དང་བོད་ཀྱི་འཚེམ་དྲུབ་ལ་དགའ་པོ་བྱེད་དུ་འཇུག་རྒྱུ་དེ་དོན་སྙིང་ཆེན་པོ་ཡོད་”ཅེས་ཟེར། ད་ཆ་བོད་ཀྱི་འཚེམ་དྲུབ་ཐོན་རྫས་ཁྲོམ་རར་གཞི་ཚུགས་ནས་པེ་ཅིང་དང་། ཅང་སུའུ། ཀྲེ་ཅང་སོགས་སུ་ཕྱིར་ཚོང་བྱས་པས་གདེང་འཇོག་ཡག་པོ་ཐོབ་ཡོད། ཁོ་མོས་ཇུས་འགོད་ཞིབ་འཇུག་གསར་སྤེལ་བྱས་པའི་“བོད་ཀྱི་འཚེམ་དྲུབ་ཁུག་མ་”དང་“བོད་ཀྱི་འཚེམ་དྲུབ་འགེལ་ཆས་”སོགས་ཐོན་རྫས་དག་ས་གནས་དེ་གའི་ཡུལ་སྐོར་ཁྲོམ་རར་བྲིན་པོ་བྱུང་ཡོད།
  འཚེམ་དྲུབ་ཁང་གི་བོད་ཀྱི་འཚེམ་དྲུབ་བརྩམས་ཆོས་འགྲེམས་སྟོན་ཁང་དུ། བོད་ཁྱི་འཚེམ་དྲུབ་བརྩམས་ཆོས་གཉིས་བཞག་ཡོད་ཅིང་། དེའི་ནང་བོད་ཀྱི་འཚེམ་དྲུབ་མ་འདོག་ཁྱི་གཉིས་ཡོད་པ་ལས་གཅིག་ཤོས་ནི་སྤྱིར་བཏང་བ་ཞིག་ཡིན་པ་དང་། གཞན་དེའི་སྤུ་ཁ་སྣུམ་ཞིང་མངོན་སྣང་གི་སོན་ཉམས་དོད་པོ་ཡོད། ལྷ་མོ་གཡུ་སྒྲོན་གྱིས་རི་མོ་དེ་གཉིས་ལ་མཛུབ་མོ་བཙུགས་ཏེ་ཞིབ་བསྡུར་གནང་བཞིན་དུ་“འདི་དག་གིས་ཉེ་བའི་ལོ་ཤས་རིང་བོད་ཀྱི་འཚེམ་དྲུབ་བཟོ་རྩལ་ཡར་རྒྱས་བྱུང་བ་མཚོན་གྱི་ཡོད”ཟེར།
   ལྷ་མོ་གཡུ་སྒྲོན་གྱི་བོད་ཀྱི་འཚེམ་དྲུབ་ཀུང་སི་བཙུགས་པ་ནས་བཟུང་། བོད་ཀྱི་འཚེམ་དྲུབ་ཤེས་ལྡན་མི་སྣ་སྟོང་ཕྲག་ཁ་ཤས་གསོ་སྐྱོང་བྱས་པ་མ་ཟད། ད་དུང་“ཀུང་སི་+ཞིང་དུད་”ཀྱི་རྣམ་པ་སྤྱད་དེ་ཞིང་འབྲོག་དབུལ་པོར་ལས་ཞུགས་ལས་གནས་མཁོ་འདོན་བྱེད་པའམ་ཡང་ན་ཉོ་སྒྲུབ་ཀྱི་གྲོས་མཐུན་བཞག་ནས། བུད་མེད་བརྒྱ་ཕྲག་ཁ་ཤས་བོད་ཀྱི་འཚེམ་དྲུབ་ཐོན་སྐྱེད་བྱེད་པར་ཡིད་དབང་བཀུག་ནས་ཞིང་འབྲོག་“སྒོ་འགྲམ་དུ་”ལས་ཞུགས་ཐུབ་པར་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། ལྷ་མོ་གཡུ་སྒྲོན་དང་ཁོང་གི་ཕ་རིན་ཆེན་སྐྱབས་གཉིས་ཀྱིས་བློ་ཁོག་ཆེན་པོའི་ངང་ནས། བོད་ཀྱི་འཚེམ་དྲུབ་ལས་རིགས་ཀྱི་ཁྱབ་ཁོངས་སུ་ཆུ་ཚད་མཐོ་བ་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་མཚོན་བྱེད་རང་བཞིན་གྱི་བརྩམས་ཆོས་《གེ་སར་རྒྱལ་པོའི་འཚེམ་དྲུབ་རིས་རིང་མོ་》ཞེས་པ་གསར་རྩོམ་བྱས་པ་རེད། 2017ལོའི་ལོ་འགོ་ནས་བཟུང་། ལྷག་མོ་གཡུ་སྒྲོན་གྱིས་རྣམ་གྲངས་གྲ་སྒྲིག་བྱེད་འགོ་བཙུགས་ནས། རྒྱལ་ནང་གི་གེ་སར་རིག་པའི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཞིབ་འཇུག་གསར་སྤེལ་རྣམ་གྲངས་ནང་ཞུགས་སུ་བཅུག་པ་དང་། རི་མོ་མཁས་ཅན་གྱི་སྣེ་ཁྲིད་དེ་རིང་ཚད་སྨི་268ཟིན་པའི་སྐྱ་རིས་200ལྷག་ཙམ་བྲིས་ནས། ལོ་རྒྱུས་སྙན་ངག་ཁྲོད་ཀྱི་གཏམ་རྒྱུད་ཀྱི་བྱུང་རིམ་གསོན་ཉམས་ལྡན་པར་འཚེམ་དྲུབ་བྱས་ཡོད།
   བརྩམས་ཆོས་ཧྲིལ་པོའི་རྒྱ་ཁྱོན་ཅུང་རིང་བས། ས་ཆ་དང་འཚེམ་དྲུབ་ཀྱི་གཞི་སྒྲོམ་བླང་བྱ་སྔར་བས་ཆེ་རུ་ཕྱིན་པར་བརྟེན། ལྷ་མོ་གཡུ་སྒྲོན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ཤུལ་མེད་ཕྲ་མཐུད་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་པ་དང་། འཚེམ་དྲུབ་ཀྱི་གཞི་སྒྲོམ་ཁྱོན་ཡོངས་ནས་རིམ་པ་སྤར་བ་མ་ཟད། གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཅིག་དང་དངོས་སྤྱོད་དཔེ་གསར་གྱི་ཁེ་བེད་བདག་ཐོབ་ཅིག་ཀྱང་ཞུས་པ་རེད། ཚོགས་པས་འབད་བརྩོན་བྱས་པར་བརྟེན་བརྩམས་ཆོས་ཀྱི་འཚེམ་དྲུབ་རིང་པོ་དེར་ད་ཆ་སྨི་210ལྷག་ཙམ་ཟིན་ཡོད་པ་དང་། ད་ལོའི་ལོ་མཇུག་ཏུ་ལེགས་གྲུབ་ཐུབ་རྒྱུ་ཡིན་པ་རེད།
༄༅།།ལྷ་མོ་གཡུ་སྒྲོན། བོད་ཀྱི་སྲོལ་རྒྱུན་འཚེམ་དྲུབ་མཐོ་སྒང་ནས་ཐོན།