འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་8ཉིན།

༄༅།།ཁ་གསབ་དངུལ་འདི་མཐོ་རུ་གཏོང་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་08ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་དང་། འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བ་མགྱོགས་སུ་གཏོང་ཆེད། ཉེ་ཆར། ནོར་སྲིད་པུའུ་ཡིས་སྒོར་དུང་ཕྱུར་1582བཏང་བ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་23འཕར་ནས། ས་གནས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་དང་གྲོང་གསེབ་གཙོ་གནད་དུ་འཛིན་པའི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ལམ་སྲོལ་སྔར་ལས་སྲ་བརྟན་དང་འཐུས་ཚང་དུ་གཏོང་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་པ་རེད།
      གཅིག་ནི་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་སློབ་མའི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ་རེད། 2024ལོའི་དཔྱིད་དུས་སློབ་སྐབས་ནས་བཟུང་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་ཞག་སྡོད་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་རྒྱལ་ཁབ་ཀྱི་རྨང་གཞིའི་ཚད་གཞི་མཐོ་རུ་བཏང་ནས། ལོ་རེར་ཆ་སྙོམས་སློབ་ཆུང་མི་རེར་སྒོར་1000ནས་སྒོར་1250བར་མཐོ་རུ་བཏང་བ་དང་། དམའ་རིམ་སློབ་འབྲིང་ལ་སྒོར་1250ནས་1500བར་མཐོ་རུ་བཏང་བ་དང་། ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་ཞག་སྡོད་སློབ་མ་མིན་པའི་འཚོ་བའི་ཁ་གསབ་ཚད་གཞི་དེ་མུ་མཐུད་ཞག་སྡོད་སློབ་མའི་འཚོ་བའི་ཁ་གསབ་ཀྱི་རྒྱལ་ཁབ་ཀྱི་རྨང་གཞིའི་ཚད་གཞིའི་50%ལྟར་ཞིབ་བཤེར་གཏན་འབེབས་བྱས་ཡོད། སྔོན་དཔག་བྱས་ན། རྒྱལ་ཡོངས་ཀྱི་སློབ་མ་ཁྲི་2000ལྷག་ཙམ་ལ་འཚོ་བའི་ཁ་གསབ་ཐོབ་རྒྱུ་རེད། 
     གཉིས་ནི་གྲོང་གསེབ་ཀྱི་སློབ་གྲྭའི་ཁང་པ་ཞིག་གསོ་དང་བསྒྱུར་བཀོད་བྱེད་པར་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། 2024ལོ་ནས་བཟུང་གྲོང་གསེབ་ཀྱི་སློབ་གྲྭའི་ཁང་པ་དང་ཚན་པའི་རྒྱ་ཁྱོན་ཁ་གསབ་ཚད་ལེན་ཚོད་རྩིས་ཚད་གཞི་མཐོ་རུ་བཏང་ནས། ཤར་རྒྱུད་ས་ཁུལ་དུ་སྨི་གྲུ་བཞི་མ་རེར་སྒོར་800ནས་སྨི་གྲུ་བཞི་མ་རེར་སྒོར་1100བར་མཐོ་རུ་གཏོང་བ་དང་། ནུབ་རྒྱུད་ས་ཁུལ་དུ་སྨི་གྲུ་བཞི་མ་རེར་སྒོར་900ནས་སྨི་གྲུ་བཞི་མ་རེར་སྒོར་1200བར་མཐོ་རུ་གཏོང་བ་མ་ཟད། མཐོ་གྲང་དང་ས་བབ་མཐོ་ཁུལ་གྱི་ཚད་ལེན་ཚོད་རྩིས་ཚད་གཞི་མཐོ་རུ་འོས་འཚམ་བཏང་ནས། གྲོང་གསེབ་ཀྱི་སློབ་གྲྭའི་ཁང་པ་ཞིག་གསོ་སྒྱུར་བཀོད་དང་ཡོམ་འགོག་སྲ་བརྟན་གཏོང་བའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་པ་བྱ་རྒྱུ་རེད། 
     གསུམ་ནི་ཞན་ཆ་མགྱོགས་མྱུར་གསབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད། བྱ་དགའ་སྤྲད་ནས་ཁ་གསབ་ཚབ་བྱེད་པའི་བྱ་ཐབས་བརྒྱུད། ས་གནས་ཀྱིས་གྲོང་གསེབ་ཀྱི་དགེ་རྒན་ཚོའི་འཚོ་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་རེད། 
     གོམ་སྟབས་རྗེས་མར། ནོར་སྲིད་པུའུ་ཡིས་དུས་བབ་གསར་པ་དང་བླང་བྱ་གསར་པར་གཞིགས་ནས། སྲིད་ཇུས་དང་བྱེད་ཐབས་ཀྱི་འགུལ་རྣམ་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། མ་དངུལ་འཇོག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ས་གནས་ཀྱིས་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱ་རྒྱུ་རེད།