འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་8ཉིན།

༄༅།།“ལྔ་གཅིག”གུང་གསེང་རིང་མཚོ་སྔོན་གྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་གནས་ཚུལ་བརྟན་པོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་08ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ལྔ་གཅིག”གུང་གསེང་རིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་གནས་ཚུལ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་ཚེས་5ཉིན་གྱི་ཆུ་ཚོད་17བར་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་དང་རང་བྱུང་གནོད་འཚེའི་ཐོལ་བྱུང་དོན་རྐྱེན་ཆེ་གྲས་དང་དེ་ཡན་གྱི་སྙན་སེང་འབྱོར་མེད་པ་རེད།
     དུས་ཆེན་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་དང་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཆེད་མངགས་བརྡ་ཐོ་བཀྲམ་པ་དང་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་གུང་གསེང་རིང་གི་བདེ་འཇགས་དོགས་ཟོན་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། ཀོང་ཏུང་ཞིང་ཆེན་མའེ་ཀྲོའུ་མེ་ཏ་མྱུར་བགྲོད་གཞུང་ལམ་དུམ་བུ་བརྡིབས་པའི་གནོད་འཚེ་ཐོན་རྗེས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་པ་མ་ཟད། འགོ་ཁྲིད་གཙོ་བོས་ལས་ཀའི་བླང་བྱ་བཏོན་པ་དང་འབྲེལ་བཀོད་སྒྲིག་ཀྱང་བྱས་པ་རེད།
     དུས་ཆེན་རིང་མཚོ་སྔོན་ཞིང་ཆེན་སྤྱི་པའི་དོན་རྐྱེན་ཐོལ་བྱུང་འཕྲལ་སྡོམ་དོ་དམ་ཨུ་ལྷན་གཞུང་དོན་ཁང་དང་མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་སྔ་རྗེས་སུ་བརྙན་ལམ་ནས་བཀོད་གཏོང་ཐེངས་ལྔ་བྱས་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་མཉམ་ལས་དང་། སྔ་སྣུར་དུ་འཆར་འགོད། བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ཏེ་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྡོད་བྱ་བྱས་པ། ཆུ་ཚོད་24ཡི་རིང་གི་འཕྲལ་སྡོམ་སྡོད་བྱའི་ལམ་ལུགས་དོན་འཁྱོལ་ནན་པོ་བཅས་བྱས་ནས་དུས་ཆེན་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་བསྲུངས་ཡོད། ཞིང་ཆེན་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་མངོན་རྟོག་ལྐོག་འདྲི་ཚོགས་ཆུང་4བཙུགས་ནས་ཟི་ལིང་དང་མཚོ་ཤར་ས་ཁུལ་དུ་བསྐྱོད་དེ་མི་སྣ་འདུ་འཛོམས་ཆེ་ཁུལ་གྱི་མེ་ཟོན་བདེ་འཇགས་དང་། རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བདེ་འཇགས་འགོག་ཟོན། གཏེར་རི་དང་དེ་བཞིན་ཉེན་ཡོད་རྫས་འགྱུར་དང་། བཟོ་ཚོང་། སོལ་རླངས། འགྲོ་ལམ་འགྲིམ་འགྲུལ། འཛུགས་སྐྲུན་ཨར་ལས། དམིགས་བསལ་སྒྲིག་ཆས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་དང་འཐབ་ས་དང་པོར་བསྐྱོད་ནས་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་མ་ཟད། ཁེ་ལས་དང་ཚན་པ་ཁྱོན་30ལ་འཐེན་བཤེར་དང་ཞིབ་བཤེར་བྱས་ནས་མངོན་མེད་རྐྱེན་ངན་45ཞིབ་བཤེར་ཐུབ་པ་དང་འབྲེལ་འཕྲལ་མར་བཅོས་སྒྲིག་བྱེད་རྒྱུར་སྐུལ་འདེད་བཏང་བ་རེད།
     ཟླ་5ཚེས་5ཉིན་གྱི་ཆུ་ཚོད་16བར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཁྱོན་ཞིབ་བཤེར་ཚོགས་ཆུང་2057དང་ཞིབ་བཤེར་མི་སྣ་མི་ཐེངས་5626བཏང་སྟེ། ཁེ་ལས་7151ལ་ཞིབ་བཤེར་བྱས་ནས། གནད་དོན་དང་མངོན་མེད་རྐྱེན་ངན་ཁག་1779ཤེས་རྟོགས་བྱུང་ཡོད། ས་གནས་ཁག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ལམ་ངོས་སུ་འགྲིམ་འགྲུལ་ཉེན་རྟོག་པ་མི་ཐེངས་4453དང་ཉེན་རྟོག་རླངས་འཁོར་ཐེངས་1151བཏང་བ་དང་། འགྲིམ་འགྲུལ་ཉེན་རྟོག་གི་ཁྲིམས་སྒྱུར་ཞིབ་བཤེར་ས་ཚིགས་42བཙུགས་པ་རེད།
     (ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)