འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་7ཉིན།

༄༅།།ས་བབ་མཐོ་བའི་རི་འཛེག་ཐོན་ལས་ཀྱིས་མཚོ་བོད་ས་མཐོའི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་07ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་2ཉིན། གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རི་འཛེག་ཚོགས་ཆེན་གྱི་རུ་མི་ཚོས་དཀའ་བ་དུ་མ་སྤྱད་ནས་རི་རྩེར་སླེབས་རྗེས། ཉིན་ཤས་མཉམ་དུ་གཤིབས་པའི་རི་འཛེག་པ་ཚོ་གྲོགས་པོར་གྱུར་པས་ཁ་བྲལ་སྐབས་མཆི་མ་དབང་མེད་དུ་ཤོར། 
     ཟླ་4ཚེས་27ཉིན། གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རི་འཛེག་ཚོགས་ཆེན་སྐབས་ཉེར་གཉིས་པ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་དུ་འཚོགས་པ་དང་། པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ནན་ཅིང་། ཧྲེན་ཀྲེན། ཧང་ཀྲོའུ་སོགས་ནས་ཡོང་བའི་འགྲན་ཞུགས་པ་80ཡིས་གངས་དཀར་ཕྱོགས་ལས་རྣམ་རྒྱལ་རི་རྩེར་འགྲན་རྩོད་བྱས།
     རི་འཛེག་པ་གསར་པའི་ཉམས་ལེན་བྱ་ཡུལ་ཡག་པོ་ཞིག་ཡིན་པའི་ས་བབ་མཐོ་ཚད་སྨི་6178ཟིན་པའི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་མཚོ་ནུབ་ཀྲོའུ་གོར་མོ་གྲོང་ཁྱེར་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་འབྲེལ་མཚམས་སུ་གནས་པ་དང་། དེ་ཡང་ཁུ་ནུ་རི་བོའི་ཤར་རྒྱུད་ཀྱི་རི་བོ་མཐོ་ཤོས་རེད། དེ་སྔོན་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རི་འཛེག་ཚོགས་ཆེན་ལ་ཞུགས་མྱོང་བའི་ཁེ་ཐུའུ་རི་མཐོའི་ལམ་སྟོན་པ་ཝང་ཏེ་ཅུན་གྱིས་གསར་འགོད་པར“མཐའ་ཡས་པའི་གནམ་སའི་བར་ང་ཚོས་གདོད་མ་དང་དབེན་གནས་ཀྱི་མཛེས་ལྗོངས་མྱོང་རོལ་ཐུབ་ལ་དུས་ཚིགས་མི་འདྲ་བ་དང་ས་ཆ་མི་འདྲ་བ་ནས་གངས་རི་འདིའི་བརྗིད་ཉམས་མི་འདྲ་བ་མྱོང་རོལ་བྱེད་ཐུབ། ཁྲི་གདུགས་ཉི་མ་ཤར་རིའི་རྩེ་ནས་ཤར་སྐབས། ང་ཚོས་ངལ་དུབ་བསྐྱུར་ཏེ་སྒྲིག་ཆས་འཁྱེར་ཏེ་ཉིན་གསར་པ་ཞིག་བསུ་འགོ་ཚུགས”ཞེས་བཤད།
     ལོ་18ལ་སླེབས་པའི་ལི་ཧྥང་ཡོན་ནི་ཧྲའན་ཤིས་ཡུས་ལིན་ནས་ཡིན་པ་དང་། ཚེས་2ཉིན་གྱི་ཐོ་རེངས་སུ་ཁོང་དང་རུ་མི་ཚོ་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རི་རྩེར་སྐྱོད་འགོ་ཚུགས། ཁོང་གིས“དེ་རིང་ཐེངས་དང་པོར་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རྩེ་མོར་འཛེག་ཐུབ་པར་ང་རང་ཧ་ཅང་དགའ་པོ་བྱུང་། བརྗིད་ཆགས་ཡིད་དུ་འོང་བའི་གངས་རི་འདི་ཧང་སངས་དགོས་པ་ཞིག་འདུག”ཅེས་བཤད།
     གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་གངས་ལེགས་སྤྱད་དེ་ལུས་རྩལ་རི་འཛེག་ལས་འགུལ་གྱི་སྤུས་རྟགས་གཏོད་ཆེད། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་གོར་མོ་གྲོང་ཁྱེར་སྲིད་གཞུང་གིས་2011ལོར་མཉམ་དུ་བསྐྲུན་པའི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རྒྱལ་ཁབ་རི་འཛེག་སྦྱོང་བརྡར་རྟེན་གཞི་དེས་རི་འཛེག་དང་རྐང་ཐང་མར་མྱུལ་དཔྱད་སོགས་ཀྱི་བྱེད་སྒོ་ཁག་སྤེལ་བར་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད།
     གོར་མོ་གྲོང་ཁྱེར་གྱི་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་མའོ་ཡུང་ཕིང་གིས“ཡུལ་དེའི་སྲིད་གཞུང་གིས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང(མི་དམངས)བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ་དང་རི་ཐང་གི་ཁང་ཕྱིའི་ལུས་རྩལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ། ལུས་རྩལ་འཛད་སྤྱོད་ཀྱི་དགོས་མཁོ་ཟམ་མི་ཆད་པར་རྒྱ་ཆེར་བཏང་ནས་ལུས་རྩལ་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ཡོང་ཐབས་བྱས་ཡོད”ཅེས་བཤད།
     མའོ་ཡུང་ཕིང་གིས་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རི་འཛེག་བྱེད་སྒོའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལས་དོན་ཡག་པོ་སྒྲུབ་ཆེད། འདི་ལོ་ཡུལ་དེའི་སྲིད་གཞུང་གིས་སྔར་ཡོད་ཀྱི་རྨང་གཞིའི་ཐོག་གྲོང་གསེབ་དར་རྒྱས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རི་འཛེག་གི་རྟེན་གཞི་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་ལག་བསྟར་བྱས་ནས་རྟེན་གཞིར་ཞག་སྡོད་དང་། བཟའ་བཏུང་། མཐུན་འཕྲོད་རང་བཞིན་གྱི་སྦྱོང་བརྡར་སོགས་ཀྱི་བྱེད་ནུས་ལྡན་པའི་ཁར་རི་འཛེག་མྱུལ་དཔྱད་དང་། རི་འཛེག་གཅིག་སྡུད་སྦྱོང་བརྡར། སྐྱེ་ཁམས་ལྟ་སྐོར། ཡུལ་སྐོར་སོས་དལ་བཅས་གཞི་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རི་འཛེག་སྦྱོང་བརྡར་རྟེན་གཞིར་སྐྲུན་རྩིས་ཡོད་ཅེས་བཤད།
     ཡུལ་ཤུལ་ཀྲོའུ་ཆུ་དམར་ལེབ་རྫོང་དུ་གནས་པའི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་ལྷོ་ངོས་ཀྱི་འགྲོ་ལམ་དེ་ཙམ་གཟར་པོ་མེད་ལ་ལམ་ཐིག་ཀྱང་གསལ་པོ་ཡོད་པས་རི་འཛེག་པ་གསར་པར་འཚམ་པོ་ཡོད་པར་བརྟེན་རི་འཛེག་པ་མང་པོའི“མི་ཚེར་འཛེགས་པའི་གངས་རི་དང་པོར་གྱུར་ཡོད”
     2021ལོར་ཆུ་དམར་ལེབ་རྫོང་གི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་དུ་ཡུལ་སྐོར་བ་མི་ཐེངས་1078སླེབས་པ་དང་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག རི་འཛེག་མི་གྲངས་ཀྱང་མང་དུ་ཕྱིན་ནས་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རི་འཛེག་སྒར་ས་ཆེན་པོའི་སྔར་ཡོད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱིས་ཡུལ་སྐོར་བའི་དགོས་མཁོ་སྐོང་ཐབས་བྲལ་བས་ས་གནས་ཀྱིས་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་གངས་འཁྱགས་ཐོན་ཁུངས་ལ་བརྟེན་ནས་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རྒྱལ་སྤྱིའི་རི་འཛེག་གྲོང་རྡལ་ཆུང་ངུ་བསྐྲུན།
     རི་འཛེག་ཐོན་ལས་འཕེལ་རྒྱས་ཕྱིན་པ་ལས་ཀྱང་ས་གནས་ཀྱིས་རི་འཛེག་ལམ་སྟོན་པ་སྐྱེད་སྲིང་བྱ་རྒྱུར་སྐུལ་མ་ཐེབས་ཤིང་། ཆུ་དམར་ལེབ་རྫོང་གི་འབྲེལ་ཡོད་འགན་འཁུར་བས“གཟུགས་གཞིའི་བྱང་ཚད་དང་ཡང་ན་ཁོར་ཡུག་གི་རྒྱུས་མངའ་ལོན་ཚད་སོགས་གང་ས་ཅི་ཐད་ནས་ཡུལ་དེའི་འབྲོག་པས་རི་འཛེག་ལམ་སྟོན་པ་བྱས་ཚེ་འཚམ་ཤོས་ཡིན་པས་འདི་ལོ་ལམ་སྟོན་པ་20ལ་སྦྱོང་བརྡར་བྱས་ཡོད། ལམ་སྟོན་ལས་རིགས་དེ་ཡང་གཞོན་ནུའི་ལས་ཞུགས་ཐག་གཅོད་བྱེད་པའི་ཐབས་ལམ་གཞན་ཞིག་ཏུ་གྱུར་ཡོད”ཅེས་བཤད།
     མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཝང་ཞ་ཡིས། “གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རི་འཛེག་ཚོགས་ཆེན་ལས་ཀྲུང་གོའི་དམངས་ཁྲོད་རི་འཛེག་ལས་འགུལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པར་བདེན་དཔང་ཐུབ་ཡོད། ང་ཚོས་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རི་འཛེག་ཚོགས་ཆེན་གྱི་སྤུས་རྟགས་ཕན་འབྲས་དང་ཁྲིད་སྟོན་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ། རྐང་ཐང་མ་དང་། རྐང་འཁོར་བཞོན་ནས་འགྲོ་བ། སྒར་བརྒྱབ་ནས་སྡོད་པ་སོགས་ཀྱི་སྣུར་བསྲིང་རྣམ་གྲངས་ཡག་པོ་སྤེལ་ཏེ་མཚོ་སྔོན་གྱི་སྐྱེ་ཁམས་ལེགས་ཆ་དེ་ཁང་ཕྱིའི་ལས་འགུལ་གྱི་ལེགས་ཆ་དང་། ལུས་རྩལ་ཐོན་ལས་ཀྱི་ལེགས་ཆ། རྣམ་གྲངས་འཕེལ་རྒྱས་ཀྱི་ལེགས་ཆ། ལུས་རྩལ་ཡུལ་སྐོར་གྱི་ལེགས་ཆ་བཅས་སུ་གཞན་འགྱུར་བྱས་ཐོག་མཚོ་སྔོན་གྱི‘ཁང་ཕྱི་ཆེན་པོའི’ཐོན་ལས་ཀྱི་བཀོད་པ་གསར་པ་མཉམ་དུ་སྐྲུན་རྒྱུ་ཡིན”ཞེས་བཤད།
     (བསོད་བདེ་ཆེ་བས་བསྒྱུར། བསོད་བདེ་དང་བསྟན་བཟང་གིས་ཞུས)