འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་7ཉིན།

༄༅།།ཀྲུང་གོས་ཐེ་ཇུས་བྱས་ཡོད་ཟེར་བའི་ཐད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་07ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   “ཕྱི་འབྲེལ་པུའི་མགྲིན་ཚབ་པའི་གཞུང་དོན་ཁང་”ནས་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་5ཚེས་6ཉིན། ཕྱི་འབྲེལ་པུའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག《ཀྲུང་གོ་ཉིན་རེའི་ཚགས་པར》གྱི་གསར་འགོད་པས་དྲིས་དོན། གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་5ཚེས་3ཉིན། ཁ་ན་ཏའི“ཕྱི་རྒྱལ་གྱི་ཐེ་ཇུས་”སྤྱི་པའི་བརྟག་དཔྱད་ཨུ་ལྷན་གྱི་བརྟག་དཔྱད་ཆེད་ལས་པས་ཐོག་མའི་སྙན་ཞུ་ཁྱབ་བསྒྲགས་བྱས་པ་སྟེ། “ཀྲུང་གོ་ནི་ཁ་ན་ཏར་འཕྲད་པའི་ཕྱི་རྒྱལ་གྱི་ཐེ་ཇུས་འཇིགས་སྐུལ་ཆེས་རྒྱུན་སྲིང་དང་ཆེས་བྱང་མ་ཞིག་རེད”ཅེས་འཁོད་ཡོད་པ་རེད། ཁ་ན་ཏའི་ཙུང་ལི་ཐེ་ལུའུ་ཏུའོ་ཡིས་དེ་གོང་ཀྲུང་གོས་འདེམས་བསྐོའི་ཐད་ཐེ་ཇུས་བྱ་རྩིས་བྱས་ཀྱང་གྲུབ་འབྲས་ཐོབ་མེད་ཅེས་བརྗོད་ཡོད། སྙན་ཞུ་འདིའི་མཇུག་བསྡོམས་ཀྱིས་ཐེ་ལུའུ་ཏུའོ་ཡི་བཤད་ཚུལ་དེ་ར་སྤྲོད་བྱས་ཡོད། མགྲིན་ཚབ་པས་དེའི་ཐད་ལ་དཔྱད་གཏམ་ཅི་ཞིག་སྤེལ་རྒྱུ་ཡིན་ནམ། 
   ལིན་ཅན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྩ་དོན་ལག་བསྟར་བྱེད་ཀྱི་ཡོད་ཅིང་། ཁ་ན་ཏའི་ནང་སྲིད་ལ་ཐེ་ཇུས་བྱེད་འདོད་ཀྱང་མེད་ཅེས་ཀྲུང་གོ་ཕྱོགས་ཀྱིས་ནན་བཤད་ཐེངས་མང་བྱས་ཡོད། “ཀྲུང་གོས་ནང་སྲིད་ལ་ཐེ་ཇུས་བྱེད་པ་”ཞེས་པ་ནི་རྩ་བ་ནས་ཆབ་སྲིད་ཀྱི་དཀྲོག་གཏམ་ཞིག་རེད། 
    ཁ་ན་ཏ་ཕྱོགས་ཀྱིས་ཐོག་མའི་སྙན་ཞུ་ཞེས་པ་ཁྱབ་བསྒྲགས་བྱས་པར། ཀྲུང་གོ་ཕྱོགས་ཀྱིས་བློ་ལ་བབས་མེད་ཅིང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཁ་ན་ཏ་ཕྱོགས་ཀྱིས་ཁུངས་མེད་སྐྱོན་འཛུགས་དང་ཚུར་རྒོལ་བྱས་པའི་ཐད། ཁ་ན་ཏ་ཕྱོགས་ལ་འབྲེལ་གཏུག་ནན་པོ་བྱས་ཡོད། 
    ཁ་ན་ཏ་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ཞེས་པར“ཡིན་ཤས་ཆེ”“ཡིན་སྲིད”“མངོན་མེད་”སོགས་ཡིན་ལ་མིན་ལའི་ཐ་སྙད་ཀྱིས་ཁེངས་ཤིང་། སྒྲུབ་བྱེད་གཙོ་བོ་ནི“གསང་འཕྲིན་”ཟེར་བ་ལས་བྱུང་བ་ཡིན་མོད། འོན་ཀྱང་“གསང་འཕྲིན་གྱིས་དོན་དངོས་ར་སྤྲོད་བྱེད་མི་ཐུབ”ཅེས་བརྗོད་ཡོད། ཐོག་མཐའ་བར་གསུམ་དུ་དོན་དངོས་རང་བཞིན་གྱི་དཔང་རྟགས་གང་ཡང་འདོན་ཐུབ་ཀྱི་མེད། འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་གྱིས་ཁེངས་པའི་སྙན་ཞུ་དེ་རིགས་ནི་ཁ་ན་ཏའི་སྲིད་ཚོང་པ་ཁག་གཅིག་གིས་རང་ཉིད་ཀྱི་སྒེར་སེམས་ལ་བརྟེན་ནས་བསམ་བཞིན་དུ་སྤྱི་དམངས་ལ་མགོ་སྐོར་བཏང་ནས་གོ་ནོར་བཟོས་ཏེ། ཤྭ་བ་རྟ་ལ་བརྩིས་ནས་ཕན་ཚུན་འགལ་བ་དང་འགན་གཏན་ནས་མ་འཁུར་བ་ཞིག་རེད།
    དུས་ཡུན་རིང་པོའི་རིང་། ཁ་ན་ཏ་ཕྱོགས་ཀྱིས་ཐའེ་ཝན་དང་། ཤིན་ཅང་། བོད་ལྗོངས། ཞང་ཀང་བཅས་དང་འབྲེལ་བ་ཡོད་པ་སོགས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ངང་ཐེ་ཇུས་བྱས་ཡོད། “ཕྱི་རྒྱལ་གྱིས་ཐེ་ཇུས་བྱེད་པའི”གནད་དོན་ཐད། ཁ་ན་ཏ་ཕྱོགས་ཀྱིས་རང་སྐྱོན་རང་ཞིབ་བྱེད་དགོས།
    ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་ཕྱོགས་ལ་དོན་དངོས་ལ་བརྩི་འཇོག་དང་ལྟ་སྟངས་ཡང་དག་འཛིན་རྒྱུ་དང་། འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་དོར་ནས། ཀྲུང་གོ་ཕྱོགས་ལ་དོན་མེད་ཚུར་རྒོལ་དང་སྐྱོན་འཛུགས་མཚམས་འཇོག་རྒྱུའི་སྐུལ་ལྕག་གཏོང་རྒྱུ་ཡིན།