འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་7ཉིན།

༄༅།།“ལྔ་གཅིག”གུང་གསེང་རིང་ས་གནས་མང་པོས་ཁྱད་ལྡན་བྱེད་སྒོ་སྣ་ཚོགས་སྤེལ་ནས་འཛད་སྤྱོད་ཁྲོམ་རའི་
གསོན་ཤུགས་འཕེལ་བར་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་07ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ། ལིན་ལི་ལི་དང་། ཧོང་ཞའོ་ཧུའེ། ཡའོ་ཞུའེ་ཆིང་།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་4ཚེས་30ཉིན་ཚོགས་འདུ་འཚོགས་ནས“རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་གང་ཐུབ་ཀྱིས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་སྤྱོད་དངོས་རྫས་རྙིང་པ་གསར་པར་བརྗེ་བའི་བྱ་སྤྱོད་ཇུས་གཞི་དོན་འཁྱོལ་ཡག་པོ་བྱས་ཏེ་འཛད་སྤྱོད་ཀྱི་ཐབས་ལམ་དེ་བས་མང་བ་བཏོད་ནས། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་དང་སྤུས་ཚད་མཐོ་བའི་འཛད་སྤྱོད་ཀྱི་དགོས་མཁོ་དེ་བས་ལེགས་པོ་སྐོང་དགོས”ཞེས་ནན་བཤད་བྱས་པ་རེད།
    མི་རྣམས་ཡུལ་སྐོར་ལ་འགྲོ་འདོད་ཆེ་རུ་ཕྱིན་པ་དང་།“ལྔ་གཅིག”གུང་གསེང་གི་ཉིན་དང་པོར་སྔོན་དཔག་བྱས་ན། སྤྱི་ཚོགས་ཡོངས་སུ་ས་ཁོངས་བསྒྲལ་ནས་མི་སྣ་འགྲུལ་བཞུད་བྱེད་ཚད་མི་ཐེངས་དུང་ཕྱུར་2.8ལས་བརྒལ་རྒྱུ་ཡིན་ཞིང་། དེ་2019ལོའི“ལྔ་གཅིག”གུང་གསེང་གི་ཉིན་དང་པོ་ལས་15.9%འཕར་རྒྱུ་རེད།
   “ལྔ་གཅིག”གུང་གསེང་ནི་སྲོལ་རྒྱུན་གྱི་འཛད་སྤྱོད་འཁྲུག་ཤོས་ཀྱི་དུས་ཚིགས་ཤིག་ཡིན་པ་དང་། འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ཆེན་པོ་ཡོད་པ་ལས་རང་རྒྱལ་གྱི་ནང་མཁོའི་སྒུལ་ཤུགས་ཆེན་པོ་མངོན་གྱི་ཡོད། “ལྔ་གཅིག”གུང་གསེང་རིང་གི་འཛད་སྤྱོད་འཕེལ་ཕྱོགས་ལ་བལྟས་ཚེ་འཛད་སྤྱོད་རྒྱུན་མཐུད་ཆེ་རུ་འགྲོ་རྒྱུར་སྔར་བས་སྐུལ་འདེད་ཐུབ་པར་ཕན་པ་ཡོད་པ་རེད།
   སྲིད་ཇུས་ཀྱི་སྐུལ་ཁྲིད་ལས་འཛད་སྤྱོད་ཆེ་གྲས་མུ་མཐུད་མང་དུ་ཕྱིན་པ།
    ཟླ་5ཚེས་1ཉིན་གྱི་ཕྱི་དྲོར། ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་གྱི་གྲོང་མི་ཏིང་ཅན་གྱིས་ཅིན་དབྱིན་རྒྱལ་སྤྱིའི་ཉོ་སྒྲུབ་ལྟེ་གནས་ཀྱི་ཤིན་ཅེ་ཁའུ་ཚོང་ཁང་ནས་འཕུར་མཉེད་རྐུབ་སྟེགས་ཉོས་ཤིང་། ཁོང་གིས“ང་དང་བཟའ་ཟླ་རྒྱུན་དུ་ལས་དུས་འཕར་མ་མང་པོ་བྱེད་དགོས་པས། གུང་གསེང་དང་བསྟུན་ནས་ཚོང་ཁང་དུ་འཕུར་མཉེད་རྐུབ་སྟེགས་སྣ་ཁ་ཁ་ཤས་ལ་ལྟ་བར་ཡོང་བ་ཡིན”ཞེས་བཤད། འཕུར་མཉེད་རྐུབ་སྟེགས་ཚོང་ཁང་གི་སྦྱིན་བདག་མའོ་ཁྲུན་ཡན་གྱིས“ཚོང་ཤག་ཚོར་དངོས་རྫས་གསར་རྙིང་བརྗེ་བའི་བྱེད་སྒོར་ཞུགས་ཚེ་སྒོར་1000ནས་5000བར་བཅག་ཆོག་པ་མ་ཟད། ཆེད་སྒྲོམ་གྱི‘ལྔ་གཅིག’གི་བྲིན་ཚོང་ཕབ་ཆའི་ནང་དུའང་ཞུགས་ཆོག”ཅེས་ངོ་སྤྲོད་བྱས། ཏིང་ཅན་གྱིས་གཟུགས་པོ་ཆ་ཚང་འཕུར་མཉེད་གཏོང་ཐུབ་པའི་རྐུབ་སྟེགས་དཔེ་གསར་ཞིག་ཉོས་ནས“ཁྱིམ་གྱི་འཕུར་མཉེད་རྐུབ་སྟེགས་རྙིང་པ་དེས་གཟུགས་པོའི་ཆ་ཤས་ཙམ་ལ་མ་གཏོགས་འཕུར་མཉེད་མི་ཐུབ་པས་དབྱུགས་ཚེ་ཕངས་བ་དང་བཞག་ན་ས་ཆ་བཟུང་རོགས་ཡིན་པས་གསར་རྙིང་བརྗེས་ཚེ་དངོས་གནས་སྟབས་བདེ་པོ་དང་ཕན་ཐོགས་པོ་ཞིག་འདུག”ཅེས་བཤད།
    ས་གནས་མང་པོས“ལྔ་གཅིག”གི་འཛད་སྤྱོད་འཁྲུག་པའི་དུས་ཚིགས་དམ་འཛིན་བྱས་ནས་སྲིད་ཇུས་ཁྱབ་བསྒྲགས་བྱས་ཏེ་འཛད་སྤྱོད་དངོས་རྫས་གསར་རྙིང་བརྗེ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་གི་ཡོད། ཕུའུ་ཅན་ཞིང་ཆེན་གྱིས་འཛད་སྤྱོད་དངོས་རྫས་གསར་རྙིང་བརྗེ་བ་དང“ལྔ་གཅིག”གི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་འགོ་ཚུགས་ནས་དམངས་ཕན་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཁག་1000ལྷག་ཙམ་སྒྲིག་འཛུགས་བྱས་པ་དང་། ཧུའུ་ནན་ཞིང་ཆེན་གྱིས་བརྡ་ཐོ་བཏང་ནས་རླངས་འཁོར་འཛད་རྫས་གསར་རྙིང་བརྗེ་བའི་ལག་བསྟར་ཞིབ་སྲོལ་ཁ་གསལ་བཟོ་བ། ཀོང་ཏུང་ཞིང་ཆེན་གྱིས་རེས་སྐོར་དང་པོའི་འཛད་སྤྱོད་འཛིན་ཤོག་སྒོར་དུང་ཕྱུར་3.7སྤྲད་པ་དེ་གཙོ་བོ་རླངས་འཁོར་བེད་མེད་དུ་བཏང་ནས་གསར་བརྗེས་དང་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བར་སྤྱོད་པ་སོགས་རེད། སྲིད་ཇུས་ཀྱི་སྐུལ་ཁྲིད་འོག་དྲ་ཐོག་དང་དྲ་ཕྱིར་མཉམ་དུ་ཤུགས་སྣོན་བརྒྱབ་སྟེ། འཛད་སྤྱོད་ཆེ་གྲས་རྒྱུན་མཐུད་འཕར་བ་དང་ནང་མཁོའི་གསོན་ཤུགས་མགྱོགས་མྱུར་འཕེལ་བར་བྱས་ཡོད།
    མཉམ་འདྲེས་གསར་གཏོད་བྱས་ནས་འཛད་སྤྱོད་གསར་པ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ།
    ཧྲང་ཧའེ་གྲོང་ཁྱེར་ཅིན་ཧྲན་ཆུས་ཀྲུའུ་ཅིང་གྲོང་རྡལ་གྱི་ཧྭ་ཁའེ་མཚོ་ཐོག་སྐྱེ་ཁམས་གླིང་དུ“ལྔ་གཅིག”གུང་གསེང་གོང་གི་ཉིན་གཉིས་ཀྱི་སྔོན་ནས་སྒར་རྒྱག་ཡུལ་སྐོར་གྱི་མཐོ་རླབས་འཕྱུར་ཡོད། གྲོང་རྡལ་ཆུང་ངུའི་ལྟེ་གནས་དང་། སྐར་ཚོམ་སྤང་ཐང་སོགས་ས་ཁོངས་གང་སར་གུར་གྱིས་ཁེངས་ནས་མི་རྣམས་བསྲེགས་ཟས་བཟོ་བཞིན་གུང་གསེང་ལ་རོལ་བཞིན་ཡོད།
    ཧྲང་ཧའེ་གྲོང་ཁྱེར་གྱི་གྲོང་མི་ཀྲོའུ་དབྱང་གིས་ཕ་མ་བུ་ཕྲུག་དང་མཉམ་དུ་སྒར་བརྒྱབ་ནས“དེ་གར་རང་བྱུང་ཁམས་དང་ཉེ་བཅར་བྱེད་ཐུབ་པ་མ་ཟད། ད་དུང་ཞབས་ཞུ་གསར་པ་མང་པོ་ཡོད་པས་རྩེད་མོ་རྩེ་ཞོར་དུ་ཕྲུ་གུ་བྱེད་སྒོ་ཁག་གཅིག་ལ་ཞུགས་རྒྱུའི་མིང་ཐོའང་འགོད་ཆོག”ཅེས་བཤད།
    “ལྔ་གཅིག”གི་སྔ་སྣུར་དུ“2024ལོའི་རྒྱལ་སྤྱིའི་འཛད་སྤྱོད་དུས་ཚིགས་དང་སྐབས་ལྔ་པའི་ཧྲང་ཧའེ་ཡི་ལྔ་ལྔའི་ཉོ་སྒྲུབ་དུས་ཚིགས”ཀྱི་འགོ་ཚུགས་མཛད་སྒོ་ཧྲང་ཧའེ་གྲོང་ཁྱེར་དུ་འཚོགས་ཤིང་། ཚོང་དོན་པུས་ས་གནས་ཁག་ལ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ཚོང་ལས་དང་ཡུལ་སྐོར་རིག་གནས་དང་ལུས་རྩལ་མཉམ་འདྲེས་གཏིང་ཟབ་དང་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་རྒྱུའི་མཛུབ་ཁྲིད་བྱས་པ་རེད།
   “ལྔ་གཅིག”གུང་གསེང་རིང་། རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཁྱད་ལྡན་བྱེད་སྒོ་རབ་དང་རིམ་པ་རྒྱུན་མཐུད་སྤེལ་ཞིང་། པེ་ཅིང་གྲོང་ཁྱེར་གྱིས“རིག་གནས་ཡུལ་སྐོར+”བྱེད་སྒོ་དང་ཐོན་རྫས་མཁོ་སྤྲོད་ལ་ཤུགས་སྣོན་བརྒྱབ་སྟེ་རིག་གནས་བྱེད་སྒོ་2300ལྷག་ཙམ་སྤེལ་བ་དང་། ཧྲའན་ཤིས་ཞིང་ཆེན་གྱིས“དགའ་དགའ་སྤྲོ་སྤྲོས་ཉོ་སྒྲུབ་བྱེད། མཛེས་སྡུག་འཚོ་བ་ལོངས་སུ་སྤྱོད”ཅེས་པའི་འཛད་སྤྱོད་སྐུལ་གཏོང་བྱེད་སྒོ་སྤེལ་བ། ཀན་སུའུ་ཞིང་ཆེན་གྱིས“ལུང་ཡོན་དུ་དཔྱིད་དཔལ་བཞད་·ཀན་སུའུ་ཡི་རིག་གནས་ཡུལ་སྐོར་འཁྲབ་སྟོན་གྱི་ཐེན་ཧྲུའེ་ཡི་དམངས་ཕན་འཁྲབ་སྟོན་དུས་ཚིགས”དེ“ལྔ་གཅིག”བར་རྒྱུན་མཐུད་ནས་སྤེལ་ཅིང་། འཛད་སྤྱོད་ཁྱབ་ཁོངས་ཀྱི་རྣམ་པ་ས་མཚམས་བསྒྲལ་ནས་མཉམ་འདྲེས་འཕེལ་རྒྱས་དང་འཛད་སྤྱོད་གསར་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་སྟེ་འཛད་སྤྱོད་ཀྱི་སྒུལ་ཤུགས་གསར་པ་རྒྱུན་མཐུད་འཕེལ་བར་བྱས་ཡོད།
    མི་ཚོགས་འཁྲུག་ཆ་དོད་པས་བཟའ་བཏུང་འཛད་སྤྱོད་ཀྱི་བཀྲག་མདངས་འཚེར་བ།
   “ལྔ་གཅིག”གུང་གསེང་བསུ་ཆེད། ས་གནས་ཁག་གི་གྲགས་ཅན་བཟའ་བཏུང་མུ་འབྲེལ་ཁེ་ལས་ཀྱིས་ཚལ་སྣ་ཁ་གསར་པ་གཅིག་སྡུད་ཐོག་བཏོན་ནས་འཛད་སྤྱོད་པར་མྱོང་ཚོར་གསར་པ་སྦྱིན་ཡོད། ཡུལ་སྐོར་འཁྲུག་ཆ་དོད་པའི་གྲོང་ཁྱེར་གྱི་བཟའ་བཏུང་ཁེ་ལས་ཀྱིས“ལྔ་གཅིག”གི་གོང་ནས་གུང་གསེང་རིང་གི་འགྲུལ་རྒྱུན་མང་བར་བསུ་བ་ཞུ་ཆེད། བཟའ་བཅའི་རྒྱུ་ཆ་མང་པོ་གྲ་སྒྲིག་དང་ལས་གཉེར་དུས་ཚོད་ལེགས་སྒྲིག་བྱས་ནས་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཡོད།
   ཀྲུང་གོ་གཡོས་སྦྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་ལིའུ་ཡིས“དུས་ཆེན་དང་གུང་གསེང་རིང་འཛད་སྤྱོད་བྱེད་པར་ཟས་མཆོག་ནི་མེད་དུ་མི་རུང་བ་དང་བཟའ་བཏུང་འཛད་སྤྱོད་ཀྱི་རྣམ་པ་འཁྲུག་ཆ་དོད་དུ་ཕྱིན་ནས་བཟའ་བཏུང་ཁེ་ལས་ཀྱིས་ཁྲོམ་རའི་མི་ཚོགས་ལ་གཞིགས་ཏེ་ཐོན་རྫས་གསར་པ་ཧུར་ཐག་བཏོན་པ་དེས་འཛད་སྤྱོད་པར་གདམ་ག་དེ་བས་མང་བ་མཁོ་འདོན་ཐུབ་པར་ཕན་པ་ཐོབ་པ་དང་། བཟའ་བཏུང་འཛད་སྤྱོད་ཀྱི་གསོན་ཤུགས་མགྱོགས་མྱུར་འཕེལ་རྒྱུར་སྐུལ་འདེད་ཐེབས་ཡོད”ཅེས་བཤད།
   ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ས་གནས་ཁག་གི་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ“ལྔ་གཅིག”གུང་གསེང་རིང་བཟའ་བཅའི་བདེ་འཇགས་ལྟ་འདོམས་དང་བཟའ་བཏུང་འཕྲོ་བརླག་བཀག་འགོག་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་བྱས་ནས། དུས་ཆེན་རིང་གི་རྒྱུན་གཏན་གྱི་བཟའ་བཅའི་བདེ་འཇགས་སྐོར་ཞིབ་ཕྱོགས་ཡོངས་ནས་ཡག་པོ་བྱེད་པ་དང་། ཉེན་ཁ་གྲལ་བཤེར་དང་གནད་དོན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། འཕྲལ་སྡོམ་ལས་རེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་དུས་ཆེན་རིང་གི་བཟའ་བཏུང་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ཡོད།