འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་6ཉིན།

༄༅།།ཐའེ་ཝན་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་རྒྱུའི་ཐད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་06ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   དྲི་བ། ཟླ་5ཚེས་1ཉིན། ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་གྱིས་གསལ་བསྒྲགས་སྤེལ་ནས། ཨ་རི་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཐའེ་ཝན་ལྟ་ཞིབ་པའི་མིང་ཐོག་ནས་ད་ལོའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་རྒྱུར་གདན་དྲངས་པར་སྐུལ་མ་ཆེན་པོ་བཏང་ཡོད་ཅེས་བཤད་འདུག ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡིན་ནམ། 
དྲིས་ལན། ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་གསལ་བསྒྲགས་དེ་ཀྲུང་གོ་གཅིག་གི་རྩ་དོན་དང་། ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ལས་ཚབས་ཆེན་འགལ་ཡོད་པས། ཀྲུང་གོ་ཕྱོགས་དེར་ཡིད་མི་ཚིམ་པ་དང་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། 
   འཛམ་གླིང་ལ་ཀྲུང་གོ་གཅིག་ལས་མེད་པ་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྱེད་སྒོའི་གནད་དོན་ཚུད་པའི་ཐའེ་ཝན་ས་ཁུལ་རྒྱལ་སྤྱིའི་རྩ་འཛུགས་ནང་ཞུགས་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གསལ་པོ་ཡིན་པ་སྟེ། ངེས་པར་དུ་ཀྲུང་གོ་གཅིག་གི་རྩ་དོན་ལྟར་ཐག་གཅོད་བྱེད་དགོས། འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ཨང་2758པ་དང་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་གྲོས་ཆོད་ཨང་25.1པའི་ནང་གཏན་འཁེལ་བྱས་པའི་རྩ་བའི་རྩ་དོན་ཞིག་ཀྱང་རེད། དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་དབང་འཛིན་ལས་ཁུངས་ཀྱིས“ཐའེ་ཝན་རང་བཙན་”གྱི་ཁ་བྲལ་ལངས་ཕྱོགས་མཁྲེགས་བཟུང་བྱས་ནས། ཐའེ་ཝན་ས་ཁུལ་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ལ་ཞུགས་པའི་ཆབ་སྲིད་རྨང་གཞི་མེད་པར་གྱུར་བ་རེད། ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་གསལ་བསྒྲགས་ནང་བདེན་རྫུན་མཉམ་བསྲེས་བྱས་པ་དེ་ནི་དོན་དངོས་སུ“ཐའེ་ཝན་རང་བཙན་”གྱི་ཁ་བྲལ་བྱེད་སྤྱོད་ཀྱི་རྒྱབ་སྐྱོར་དེ་རྒྱ་ཡན་དུ་བཏང་བ་རེད། 
    ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ལྟེ་བའི་ཁེ་ཕན་ཁྲོད་ཀྱི་སྲོག་ཤིང་ཡིན་ལ། ཀྲུང་ཨའི་འབྲེལ་བའི་བརྒལ་ཐབས་བྲལ་བའི་དམར་ཐིག་དང་པོ་ཡང་ཡིན། ང་ཚོས་སླར་ཡང་ཨ་རི་ཕྱོགས་ལ་ཀྲུང་གོ་གཅིག་གི་རྩ་དོན་དང་། ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་བརྩི་སྲུང་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་བརྩི་སྲུང་ཞུས་ནས། ཨ་རིའི་འགོ་ཁྲིད་པས་“ཐའེ་ཝན་རང་བཙན་”ལ་རྒྱབ་སྐྱོར་མི་བྱེད་པ་དང་། “ཀྲུང་གོ་གཉིས”དང་“ཀྲུང་གོ་གཅིག་ཐའེ་ཝན་གཅིག་”ལ་རྒྱབ་སྐྱོར་མི་བྱེད་པ་སོགས་ཀྱི་ཁས་ལེན་བྱ་སྤྱོད་ཐོག་དོན་འཁྱོལ་བྱས་ཏེ། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ལ་བརྟེན་ནས་ཐའེ་ཝན་དང་འབྲེལ་བ་ཡོད་པའི་གནད་དོན་འུད་སྒྲོག་བྱེད་མཚམས་འཇོག་དགོས་པ་དང་། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་སྟོབས་ཤུགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་མི་གཏོང་རྒྱུའི་ལྕག་སྐུལ་བྱ་རྒྱུ་ཡིན།
   ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་རྒྱབ་སྐྱོར་ཐོབ་ཡོད། དེ་ནི་མི་སེམས་ཀྱི་ཁ་ཕྱོགས་དང་དུས་བབ་ཀྱི་ཁ་ཕྱོགས་ཡིན་པས། ཁས་མི་ལེན་ཐབས་མེད་ལ་བཀག་འགོག་ཀྱང་བྱེད་མི་རུང་།  ཐའེ་ཝན་ལ་ཁ་གཡར་ནས་“ཐའེ་ཝན་གྱིས་ཀྲུང་གོར་ཚོད་འཛིན་”བྱེད་པའི་ལྐོག་གཡོ་གང་ཞིག་ཡིན་རུང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ངེས་ཡིན་པས་ཕམ་ཉེས་བྱུང་ངེས་རེད།