འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་26ཉིན།

༄༅།།ཐའེ་ཝན་གྱི་གནད་དོན་ནི་ཨ་རིས་བཟོས་པ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་26ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་4ཚེས་25ཉིན་གྱི་ཕྱི་དྲོ། རྒྱལ་སྲུང་པུའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་འཚོགས་ཤིང་། རྒྱལ་སྲུང་པུའི་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏཱ་ཞའོ་ཝུའུ་ཆན་གྱིས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།  
གསར་འགོད་པས། གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར་ཨ་རིའི་ཙུང་ཐུང་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཧྲ་ལི་ཝུན་གྱིས་ཨ་རིས་“བྱེད་ཐབས་མཐའ་དག་སྤྱད་དེ་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་”དང་“ཐའེ་ཝན་ལ་ཉེན་ཁ་”ནམ་ཡང་མི་ཐོན་པའི་འགན་ལེན་བྱ་རྒྱུ་དང་། ཐའེ་ཝན་ལ་རང་སྲུང་བྱ་ཐབས་མུ་མཐུད་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད། ཨ་རིའི་རྒྱུན་ལས་རྒྱལ་དོན་བློན་ཆེན་གཞོན་པ་ཁན་པེ་ཨེར་གྱིས་ཨ་རི་དང་དབྱིན་ཇི། ཨོ་སི་ཁྲུ་ལི་ཡའི་བར་གྱི་“ཨའོ་ཁུའུ་སིའི་”ཆུར་འཛུལ་དམག་གྲུའི་གྲོས་མཐུན་གྱིས་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད་པ་དེའི་ཐད་ལ་དཔྱད་གཏམ་གང་སྤེལ་རྒྱུ་ཡིན་ནམ་ཞེས་དྲིས། 
   ཝུའུ་ཆན་གྱིས། “ཐའེ་ཝན་གྱི་ཉེན་ཁ་”ནི་ཨ་རིས་བཟོས་པ་ལས་བྱུང་བ་རེད། ཨ་རི་ཕྱོགས་ཀྱིས་ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད་ན། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཕྲལ་མར་འཇོག་དགོས་པ་དང་། ཐའེ་ཝན་ལ་དྲག་ཆས་སྤྲོད་མཚམས་འཕྲལ་མར་འཇོག་དགོས། ཨ་རི་དང་ཐའེ་ཝན་གྱི་གཞུང་ཕྱོགས་འགྲོ་འོང་དང་དམག་དོན་འབྲེལ་བ་མཐའ་དག་འཕྲལ་མར་མཚམས་འཇོག་དགོས།
   “ཨའོ་ཁུའུ་སི་”ནི་ཨ་རི་དང་དབྱིན་ཇི། ཨོ་སི་ཁྲུ་ལི་ཡ་བཅས་རྒྱལ་ཁབ་གསུམ་པོས་འཇམ་འཐབ་ཀྱི་བསམ་གཞིགས་བརྟན་སྲུང་བྱས་པའི་ཐོན་དངོས་ཤིག་ཡིན་པས། ཛ་དྲག་ཏུ་འགྲོ་བ་དང་། འགྲན་རྒོལ་ལ་སྐུལ་སློང་བྱེད་པ། ཞི་བདེར་གཏོར་བཤིག་གཏོང་བ་བཅས་མ་གཏོགས་ཡོང་མི་སྲིད། ཀྲུང་གོ་ཚུད་པའི་ས་ཁུལ་དང་རྒྱལ་ཁབ་ཀྱིས་དེར་དོ་ཁུར་ཆེན་པོ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། དམག་དོན་མཉམ་ལས་ལ་བརྟེན་ནས་ཐའེ་ཝན་གྱི་གནད་དོན་ལ་ཐེ་གཏོགས་བྱེད་པའི་རེ་ངན་གང་ཞིག་ཡིན་རུང་ཚང་མ་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་རྒྱབ་འགལ་བྱས་ཏེ་ཐའེ་ཝན་མཚོ་འགག་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་གནོད་འཚེ་གཏོང་བ་རེད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་པའི་བླ་ན་མེད་པའི་ལས་འགན་ཕྲག་ཏུ་འཁུར་ཡོད་པས། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་བྱ་སྤྱོད་དང་ཕྱི་ཕྱོགས་ཀྱིས་རྒྱ་ཡན་དུ་གཏོང་བ་དང་རྒྱབ་སྐྱོར་བྱེད་རིགས་རང་དགར་རྩ་བ་ནས་འཇོག་མི་སྲིད་པ་དང་སྙིང་རེ་གཏན་ནས་བྱེད་མི་སྲིད་ཅེས་བཤད།