འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་26ཉིན།

༄༅།།དྲ་འཕྲིན་གཞུང་དོན་ཁང་གིས་ཆེད་དོན་བྱ་སྤྱོད་སྤེལ་ཏེ། སྒེར་གྱི་སྨྱན་སྦྱོར་གྱིས་མཐའ་ཚད་ལས་བ
རྒལ་ནས་རྒྱུག་འབོར་གསོག་པའི་བྱེད་སྤྱོད་བཅོས་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་26ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་གསར་འགོད་པར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་བརྡ་ཐོ་བཏང་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ཟླ་བ་གཉིས་རིང་གི“སྒེར་གྱི་སྨྱན་སྦྱོར་གྱིས་མཐའ་ཚད་ལས་བརྒལ་ནས་རྒྱུག་འབོར་གསོག་པའི་བྱེད་སྤྱོད་ལ་བཅོས་སྒྲིག་བྱེད་པའི”ཆེད་དོན་བྱ་སྤྱོད་སྤེལ་ཏེ། སྒེར་གྱི་སྨྱན་སྦྱོར་གྱིས་མཐའ་ཚད་ལས་བརྒལ་ནས་ཀུན་གྱིས་དོ་སྣང་ཡོང་གང་ཐུབ་དང་ཞུགས་གང་ཐུབ་བྱེད་པ་དང་། རྫུས་མ་ངོ་མར་བཟོ་བ་དང་བདེན་རྫུན་མཉམ་དུ་བསྲེས་པའི“ཆ་འཕྲིན་དོང་རྙི”བཟོ་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་སྤྱི་པའི་ཁེ་ཕན་སྣང་མེད་གཏོང་བ་དང་། སྤྱི་པའི་སྒྲིག་ལམ་དང་གོམས་སྲོལ་བཟང་པོ་ལས་འགལ་བ། སྤྱི་པའི་སྒྲིག་ལམ་ཟང་ཟིང་བཟོ་བ། རྒྱུག་འབོར་གསོག་ཆེད་ཇུས་ངན་གང་ཡོད་འདོན་པ་དང་མཐའ་ཚད་ལས་བརྒལ་བ་བཅས་ཀྱི་སྒེར་གྱི་སྨྱན་སྦྱོར་ལ་བཅོས་སྒྲིག་ནན་པོ་བྱེད་རྒྱུ་རེད།
     བརྡ་ཐོའི་ནང་བསྟན་དོན། ཆེད་དོན་བྱ་སྤྱོད་སྤེལ་རིང་བཅོས་སྒྲིག་གི་གནད་དོན་གཙོ་བོའི་གྲས་སུ། རང་ཁྲིད་རང་འཁྲབ་རྣམ་པའི་ཐོག་ནས་རྫུན་མ་བཟོ་བ་དང་། བྱ་ཐབས་གང་ཡོད་སྤྱད་དེ་སྤྱི་ཚོགས་ཀྱི་གླེང་མང་བའི་གནད་དོན་འུད་སྒྲོག་བྱེད་པ། འདྲ་དཔེ་རྒྱས་འགེབས་ཀྱིས་གླེང་ཕྱོགས་བཟོ་བ། སྤྱི་པའི་སྒྲིག་ལམ་དང་གོམས་སྲོལ་བཟང་པོ་ལས་འགལ་ནས་གཟུགས་མེད་གྲིབ་བཟོ་བྱེད་པ། “ཚུལ་མིན་གསར་འགྱུར”གང་བྱུང་དུ་སྤེལ་བ་བཅས་ཚུད་ཡོད།
     བརྡ་ཐོའི་ནང་བླང་བྱ་བཏོན་དོན། བརྙན་ཐུང་དང་ཐད་གཏོང་ལས་སྟེགས་ཀྱིས་པར་ལེན་ཆ་འཕྲིན་རྫུན་མ་དབྱེ་འབྱེད་དང་གཙང་བཤེར་བྱེད་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་སྒྲིག་ལམ་དང་གོམས་སྲོལ་བཟང་པོ་ལས་འགལ་ནས་གཟུགས་མེད་གྲིབ་བཟོའི་སྒེར་གྱི་སྨྱན་སྦྱོར་གྱི་རྩིས་ཐོའི་ཨང་གྲངས་ཐག་གཅོད་ནན་པོ་བྱེད་རྒྱུ། ལས་སྟེགས་ཀྱིས་ཁེ་གཉེར་དབང་ཚད་སྤྲད་པའི་རྩིས་ཐོའི་ཨང་གྲངས་ལ་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་སོགས་ཀྱི་ཐོག་ནས་ཐོབ་ཐང་ངོ་མའི་ཆ་འཕྲིན་ར་སྤྲོད་བྱེད་དགོས། དེ་དང་ཆབས་ཅིག་རྒྱུག་འབོར་དོ་དམ་བྱ་ཐབས་འཐུས་ཚང་དུ་བཏང་ནས་མཐའ་ཚད་ལས་བརྒལ་ནས་རྒྱུག་འབོར་གསོག་ཐབས་ཀྱི་ཆ་འཕྲིན་འདྲ་པོ་ཡོད་ན་སྔོན་ནས་རྒྱུག་འབོར་ཚད་བཀག་གི་ཚོད་འཛིན་བྱ་ཐབས་སྤྱོད་དགོས་པ་མ་ཟད། གནས་ཚུལ་ལ་གཞིགས་ནས་དཔྱད་གཏམ་དང་དགའ་རྟགས་སོགས་མཉམ་འགུལ་གྲངས་གཞི་འཕར་རྒྱུ་མཚམས་འཇོག་བྱེད་དགོས།