འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་26ཉིན།

༄༅།།ཞི་ཅིན་ཕིང་གིས“ཀྲུང་གོ —ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་འཇིག་རྟེན་འཕུར་སྐྱོད་
མཉམ་ལས་གླེང་སྟེགས”སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་26ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཀྲུང་གོ—ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་གླེང་སྟེགས”སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས། ད་ལོ་ནི་ང་དང་ལ་ཏིང་མེ་གླིང་ཕྱོགས་ཀྱི་འགོ་ཁྲིད་པས་ཀྲུང་གོ —ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་གཅིག་མཐུན་ཚོགས་པའི་གླེང་སྟེགས་བཙུགས་པ་མཉམ་དུ་ཁྱབ་བསྒྲགས་བྱས་ནས་ལོ་10འཁོར་བ་ཞིག་རེད། ལོ་10ཡི་རིང་། ཀྲུང་ལ་གླེང་སྟེགས་སྒྲོམ་གཞིའི་ནང་། ཀྲུང་ལའི་ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ཀྲུང་ལའི་འབྲེལ་བ་དེ་འདྲ་མཉམ་དང་། གཉིས་ཕན། གསར་གཏོད། སྒོ་དབྱེ། དམངས་ཕན་བཅས་ཀྱི་དུས་རབས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་ལའི་འཇིག་རྟེན་འཕུར་སྐྱོད་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་ངས་དགའ་སྤྲོའི་ངང་མཐོང་བྱུང་། ཕྱོགས་གཉིས་པོས་རྒྱང་ཚོར་སྲུང་སྐར་དང་། འཕྲིན་གཏོང་སྲུང་སྐར། བར་སྣང་ས་ཚིགས་དྲ་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བླངས་ནས་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་དང་། ས་ཁོངས་ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན། དམངས་འཚོའི་བདེ་རྩ་ཆེར་གཏོང་བཅས་ལ་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་དང་མཉམ་དུ་ཀྲུང་ལའི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་གླེང་སྟེགས་སྐབས་དང་པོ་འགོ་ཚུགས་སར་བྱས་ཏེ་ཆུ་ཚད་མཐོ་བའི་ཀྲུང་ལའི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་པ་དང་། འཇིག་རྟེན་འཕུར་སྐྱོད་ལག་རྩལ་གྱིས་ཕྱོགས་གཉིས་པོའི་མི་དམངས་ལ་སྔར་བས་ཕན་པ་བསྐྲུན་རྒྱུར་སྐུལ་མ་གཏོང་བའི་སྒོ་ནས་ཀྲུང་ལའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     (གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)