འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་26ཉིན།

༄༅།།ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་
སྒྱུར་བཅོས་སྒོ་དབྱེ་སྔར་བས་གཏིང་ཟབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་
ཅན་གྱི་ཁྲུང་ཆིང་གི་ལེའུ་ཟམ་མི་ཆད་པར་རྩོམ་དགོས།

——ཚའེ་ཆི་རྟོག་ཞིབ་ལ་ལྷན་དུ་ཕེབས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་26ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཟླ་4ཚེས་22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཁྲུང་ཆིང་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་གླིང་གི་ཁྲུང་ཆིང་ལྕགས་ལམ་དོས་སྒམ་ལྟེ་གནས་ས་ཚིགས་སུ་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་། མེ་འཁོར་གྱི་ཁ་ལོ་བ། འདོན་འཇུག་ལས་མི། ས་ཚིགས་ཀྱི་དོ་དམ་པ་སོགས་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།
འདི་ནི་ཟླ་4ཚེས་22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཁྲུང་ཆིང་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་གླིང་གི་ཁྲུང་ཆིང་ལྕགས་ལམ་དོས་སྒམ་ལྟེ་གནས་ས་ཚིགས་སུ་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་། མེ་འཁོར་གྱི་ཁ་ལོ་བ། འདོན་འཇུག་ལས་མི། ས་ཚིགས་ཀྱི་དོ་དམ་པ་སོགས་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།
    ཤིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས། ཁྲུང་ཆིང་གིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་དང་ཏང་ཀྲུང་དབྱང་གིས་དཀྲིས་པའི་ལས་འགན་དང་ཡང་ཡང་བསྡུར་ནས་དགེ་མཚན་ཆེ་རིགས་དང་རྗེས་ཐོན་ཁྱད་ཡོན་གང་ལེགས་བཏོན་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་སྔར་བས་གཏིང་ཟབ་བྱས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ། དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་གལ་ཆེན་གྱི་རྟེན་ས་དང་སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེའི་ཕྱོགས་བསྡུས་ལྟེ་གནས་ནུས་ཤུགས་ཡོད་རྒུས་གཏོད་པ། “ནུས་པ་གསུམ”འདོན་པའི་ཐད་བྱས་རྗེས་དེ་བས་ཆེ་བ་འཇོག་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྲུང་ཆིང་གི་ལེའུ་ཟམ་མི་ཆད་པར་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
   ཟླ་4ཚེས་22ཉིན་ནས་24ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡོན་ཅཱ་ཅུན་དང་ཧྲི་ཀྲང་ཧུའུ་ཧེང་ཧྭ་ཡི་ཕེབས་རོགས་འོག ཞི་ཅིན་ཕིང་གིས་ཟོག་འགྲེམས་གླིང་དང་། གྲོང་ཁྱེར་གྱི་སྡེ་ཁུལ། གྲངས་འཛིན་ཅན་གྱི་གྲོང་ཁྱེར་འཁོར་སྐྱོད་དང་བཅོས་སྐྱོང་ལྟེ་གནས་སོགས་སུ་རྟོག་ཞིབ་གནང་བ་རེད།
     ཚེས་22ཉིན་གྱི་ཕྱི་དྲོར། དང་ཐོག་ཞི་ཅིན་ཕིང་གིས་ཁྲུང་ཆིང་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་གླིང་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་ནུབ་རྒྱུད་སྐམ་མཚོའི་འགྲོ་ལམ་གསར་པའི་ཁྲུང་ཆིང་ཆུ་མེད་གྲུ་ཁ་གཉེར་སྐྱོང་བཀོད་གཏོང་ལྟེ་གནས་སུ་ཕེབས་ནས་འགྲོ་ལམ་གསར་པ་འཛུགས་སྐྲུན་གྱི་གནས་ཚུལ་སྙན་སེང་གསན་པ་རེད། ཞི་ཅིན་ཕིང་གིས་ཟོག་འགྲེམས་ནི་དངོས་ཚན་དཔལ་འབྱོར་གྱི་རྩ་བ་ཡིན། ནུབ་རྒྱུད་སྐམ་མཚོའི་འགྲོ་ལམ་གསར་པ་བསྐྲུན་རྒྱུ་དེ“སྐམ་མཚོའི་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ཕན་པ་གསབ་རེས”ཀྱི་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། འབྲེལ་ཡོད་ཕྱོགས་ཁག་གིས་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་འདི་འཛུགས་སྐྲུན་ཡག་པོ་དང་གཉེར་སྐྱོང་ཡག་པོ་བྱས་ཏེ། ནུབ་རྒྱུད་དང་སྐམ་སའི་དབུས་ཁུལ་གྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྣེ་ཁྲིད་བྱེད་དགོས། ཟོག་འགྲེམས་གླིང་གིས་སྔོན་ཐོན་ལག་རྩལ་ཧུར་ཐག་སྤྱོད་པ་དང་། སྦྲེལ་མཐུད་སྐྱེལ་འདྲེན་བྱེད་ཐབས་ཟམ་མི་ཆད་པར་གསར་གཏོད། ཚན་རིག་དང་མཐུན་པའི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། དེང་རབས་ཟོག་འགྲེམས་མ་ལག་སྐྲུན་པའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་དགོས་ཞེས་ནན་བཤད་གནང་བ་རེད།
     དེ་རྗེས། ཞི་ཅིན་ཕིང་ཁྲུང་ཆིང་ལྕགས་ལམ་དོས་སྒམ་ལྟེ་གནས་ས་ཚིགས་སུ་ཕེབས་ནས་དངོས་ཟོག་བསྡུ་འགྲེམས་དང་། སྐྱེལ་འདྲེན་ཐབས་ལམ། གཉེར་སྐྱོང་མ་གནས་དང་ཕན་འབྲས་སོགས་ཀྱི་ངོ་སྤྲོད་གསན་པ་མ་ཟད། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་། མེ་འཁོར་གྱི་ཁ་ལོ་བ། འདོན་འཇུག་ལས་མི། ས་ཚིགས་ཀྱི་དོ་དམ་པ་སོགས་དང་བྱམས་བརྩེའི་གླེང་མོལ་གནང་སྟེ། ཁོང་ཚོའི་ལས་ཀ་མང་ཉུང་དང་། ངལ་རྩོལ་སྲུང་སྐྱོང་། དུས་ཆེན་དང་གུང་གསེང་གི་ངལ་གསོ། ཡོང་འབབ་བཅས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་ཚང་མས་ཟོག་འགྲེམས་ཀྱི་འཐབ་ས་དང་པོ་དང་ཕྱི་ཕྱོགས་སྒོ་དབྱེའི་འཐབ་ས་དང་པོར་དཀའ་སྤྱད་ངལ་རྩོལ་བྱས་པ་བརྒྱུད་ཚོང་ཟོག་མང་པོ་ཞིག་རི་མཚོ་བརྒལ་ནས་འཛམ་གླིང་གི་ས་ཕྱོགས་གང་སར་དབོར་གྱི་ཡོད་པས་ཁྱེད་ཚོའི་ལས་ཀ་ནི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་ལས་ཀ་ཞིག་རེད། ནུབ་རྒྱུད་སྒོ་དབྱེ་ཆེ་མོ་དང་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བར་ཟོག་འགྲེམས་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པས། ཚང་མས་མུ་མཐུད་འབད་བརྩོན་བྱས་ཏེ་ལས་རྗེས་གསར་པ་ཟམ་མི་ཆད་པར་གཏོད་པ་དང་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ད་དུང་ཁྲུང་ཆིང་གིས་ཁྲེང་ཏུའུ་དང་ཁྲུང་ཆིང་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་སྐོར་གྱི་སྙན་སེང་གསན་པ་དང་། ཁྲུང་ཆིང་གི་ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། ཞི་ཅིན་ཕིང་གིས་ཁྲེང་ཏུའུ་དང་ཁྲུང་ཆིང་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་གླིང་བསྐྲུན་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་ཇུས་གལ་ཆེན་ཞིག་རེད། ཁྲུང་ཆིང་དང་སི་ཁྲོན་ས་ཁུལ་གཉིས་ཀྱིས་མཉམ་ལས་དམ་ཟབ་བྱས་ནས་འཕེལ་རྒྱས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་དུས་རབས་གསར་པའི་ནུབ་རྒྱུད་ཀྱི“གྲོང་ཁྱེར་གཉིས་ཀྱི་ཟིན་ཐོ”མཉམ་དུ་ཡག་པོ་གཏོད་དགོས། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཀ་རྟེན་ཐོན་ལས་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་གཡུལ་ས་གཙོ་བོ་རེད། ཁྲུང་ཆིང་གི་བཟོ་སྐྲུན་ལས་རིགས་ལ་རང་ངོས་ཀྱི་གྲུབ་ཆའི་ཁྱད་ཆོས་དང་དེ་མཚུངས་ཀྱི་ལེགས་ཆ་ལྡན་པས་ཁྲུང་ཆིང་གིས་ཚན་རྩལ་གསར་གཏོད་ཀྱི་གནད་འགག་དེར་དམ་འཛིན་ནན་པོ་བྱས་ཏེ་ལེགས་ཆ་དར་སྤེལ་དང་ཞན་ཆ་སེལ་བ་དང་། མིག་སྔར་དམ་འཛིན་དང་འབྱུང་འགྱུར་དོན་གཉེར། བློ་བརྟན་འགྱུར་མེད་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ནས་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཅིའུ་ལུང་ཕོའོ་ཆུས་ཤེ་ཅ་དབན་ཁྲོམ་གཞུང་མིན་ཀྲུའུ་གྲོང་ཚོའི་སྡེ་ཁུལ་ནི་ཁུལ་ཆུང་རྙིང་པ་ཞིག་ཡིན་ཞིང་། 2022ལོའི་ལོ་འགོར་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་སྐྲུན་འགོ་ཚུགས་པ་མ་ཟད། རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཚོད་ལྟའི་ནང་བཅུག་ཡོད། ཞི་ཅིན་ཕིང་དེ་གར་ཕེབས་ནས་ཁུལ་ཆུང་སྒྱུར་བཀོད་དང་དམངས་ཕན་ཞབས་ཞུའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། གཞི་རིམ་བཅོས་སྐྱོང་ནུས་ཕྱོད་ཆེ་རུ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་བའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་གསན་པ་རེད། ཁོང་ད་དུང་སྡེ་ཁུལ་གྱི་ཟ་ཁང་དུ་ཕེབས་ཏེ་ཁ་ལག་ཟ་བཞིན་པའི་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་སྡེ་ཁུལ་གྱི་ཟ་ཁང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད། ཞི་ཅིན་ཕིང་གིས། ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་པ་ནི་གྲོང་ཁྱེར་གསར་བརྗེས་ཀྱི་གཙོ་གནད་ཅིག་ཡིན་ལ་དམངས་འཚོའི་ལས་གྲྭ་ཞིག་ཀྱང་ཡིན་པས། ལོ་རྒྱུས་ཀྱི་དྲན་འཆར་དང་ཁྱད་ལྡན་གྱི་རྣམ་པ་རང་སོར་གནས་པ་བྱེད་དགོས་ལ། གྲོང་མིས་དོ་ཁུར་བྱེད་པའི་གནད་དོན་དངོས་ཀྱང་ཐག་གཅོད་བྱེད་དགོས། དེའི་ཐད་ཀྱི་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་ནས་རྒྱ་ཆེའི་སྡེ་ཁུལ་གྱི་གྲོང་མིར་ཕན་པ་དེ་བས་ལེགས་པ་སྐྲུན་དགོས། གྲོང་ཁྱེར་བཅོས་སྐྱོང་གི་ལས་དོན་མང་པོ་ཞིག་དམག་འཐབ་མཁར་རྫོང་ཞིག་ཡིན་པའི་གཞི་རིམ་ཏང་རྩ་འཛུགས་དང་སྡེ་ཁུལ་གྱི་ལས་སྟེགས་ལ་བརྟེན་ནས་དོན་འཁྱོལ་བྱེད་དགོས་པས། གྲོང་ཁྱེར་དང་སྡེ་ཁུལ་གྱི་འགན་འཁྲིའི་དོན་ཚན་གསལ་པོ་བཟོས་ནས་ཐོན་ཁུངས་གཞི་རིམ་ལ་ཕྱོགས་རྒྱུར་མུ་མཐུད་སྐུལ་འདེད་དང་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། དྲ་མིག་ཅན་གྱི་དོ་དམ་དང་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། སྡེ་ཁུལ་གྱི་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་དང་གནད་སྨིན་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
     ཞལ་གྱེས་སྐབས། སྡེ་ཁུལ་གྱི་གྲོང་མི་ཚང་མས་ཚ་ཚ་འུར་འུར་ངང་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཚང་མར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་དམངས་འཚོ་ནི་གལ་ཆེ་ཤོས་ཡིན། ཏང་དང་སྲིད་གཞུང་གི་ལས་དོན་མཐའ་དག་ནི་མི་སེར་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་ཆེད་དུ་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་ཚང་མས་དམངས་འཚོའི་གནད་དོན་ཐག་གཅོད་བྱ་ཆེད་རྒྱུ་དངོས་སྔར་ལས་མང་བ་བཏང་ནས་ལོ་ལྟར་དམངས་འཚོའི་བྱ་བ་དངོས་ཁག་གཅིག་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཚེས་23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཁྲུང་ཆིང་གྲོང་ཁྱེར་གྱི་གྲངས་འཛིན་ཅན་གྱི་གྲོང་ཁྱེར་འཁོར་སྐྱོད་དང་བཅོས་སྐྱོང་ལྟེ་གནས་སུ་རྟོག་ཞིབ་གནང་ནས་ས་གནས་ཀྱིས་གྲོང་ཁྱེར་གྲངས་འཛིན་ཅན་ལ་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ་དང་གྲོང་ཁྱེར་ཆེ་གྲས་བཅོས་སྐྱོང་གི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པ་སོགས་ཀྱི་སྙན་སེང་གསན་པ་མ་ཟད། མ་ལག་བཀོལ་སྤྱོད་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཞི་ཅིན་ཕིང་གིས། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ལྡན་དགོས་ངེས་ཀྱི་དོན་སྙིང་ཞིག་ཡིན། གྲངས་འཛིན་གྱི་ནུས་སྤྲོད་ལ་ཤུགས་སྣོན་རྒྱག་པ་དང་གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་གྲངས་གཞི་ཆེན་པོའི་ལས་སྟེགས་དང་དྲ་རྒྱའི་མ་ལག་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་འཛུགས་སྐྲུན་བྱེད་པ་དང་མཉམ་འབྲེལ་བཀོད་འདོམས་དང་ཕྱོགས་ཁག་གི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ལག་བསྟར་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། གྲོང་ཁྱེར་བཅོས་སྐྱོང་དེ་ཕྱོགས་ཁག་དང་འབྲེལ་བ་ཡོད་པས་གཙོ་བོ“དུས་དང་རྣམ་པ་ཀུན་ཏུ་བློས་བཟོད་མི་བདེ་བའི”འགན་འཁྲི་འཁུར་སེམས་ལ་བརྟེན་ནས་སྔོན་ཇུས་ཡག་པོ་འདིང་བ་དང་། དོ་དམ་ཚོད་འཛིན་གནད་སྨིན་བྱེད་པ། བྱ་སྤྱོད་མགྱོགས་མྱུར་སྤེལ་བ་བཅས་བྱས་ཏེ་གནས་ཚུལ་སྣ་ཚོགས་ཐག་གཅོད་ནུས་ལྡན་བྱས་ནས་གྲོང་ཁྱེར་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པ་བྱ་རྒྱུ་དེ་ཡིན་པས། ཁྱེད་ཚོས་ཟམ་མི་ཆད་པར་འཚོལ་ཞིབ་དང་ཉམས་མྱོང་གསར་པ་གསོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཚེས་24ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཁྲུང་ཆིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྙན་སེང་གསན་གནང་བ་མ་ཟད། ཁྲུང་ཆིང་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཁྲུང་ཆིང་གི་བཟོ་སྐྲུན་ལས་རིགས་ཀྱི་རྨང་གཞི་ཅུང་ཡག་པོ་འདུག་ལ། ཚན་སློབ་ཀྱི་ཤེས་ལྡན་པའི་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པོ་འདུག་པས། སྔོན་ཐོན་བཟོ་སྐྲུན་ལས་རིགས་གཙོ་རྐང་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་གལ་ཆེན་སྒྱུར་བཀོད་རིམ་སྤོར་དང་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་འདུ་འགོད་ལག་བསྟར་གཏིང་ཟབ་དང་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་བཏང་སྟེ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་དགོས། ཚན་རྩལ་གལ་ཆེན་འགག་སྒྲོལ་ཡོང་བར་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་རྣམ་གསར་པ་དང་། བྱེད་ཐབས་གསར་པ། སྒུལ་ཤུགས་གསར་པ་བཅས་སྐྱེད་སྲིང་ཧུར་ཐག་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁུལ་བསྐྲུན་པར་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་གཞི་གལ་ཆེན་དང་སྒུལ་ཤུགས་གསར་པའི་ནུས་པ་དེ་བས་ལེགས་པར་འདོན་དགོས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མཛེས་སྡུག་ལྡན་པའི་ཁྲུང་ཆིང་བསྐྲུན་ཏེ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་བཅད་གལ་ཆེན་བརྟན་དུ་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁྲུང་ཆིང་གིས་གཞན་གྱི་སྔོན་ལ་སྒྲུབ་ཕོད་པའི་དཔའ་སྟོབས་ལ་བརྟེན་ཏེ་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་དགོས་ལ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དང་དོན་འཁྱོལ་བྱས་ཏེ། ཕྱོགས་གཅིག་ནས་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ལྟེ་བའི་འགྲན་རྩོད་ནུས་པ་ཆེན་པོ་ལྡན་པའི་གཞུང་ཁོངས་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱེད་པར་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་བ་དང་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་འཕེལ་རྒྱུར་དམ་འཛིན་བྱེད་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་བསྐྲུན་པར་ཧུར་ཐག་ཞུགས་པ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ནང་རང་འགུལ་ངང་ཞུགས་པ་དང་ཞབས་འདེགས་ཞུས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། འབྲི་ཆུའི་དཔལ་འབྱོར་ཁུལ། ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་འགྲོ་ལམ་གསར་པ་མཉམ་འགུལ་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་དེ་བས་ཆེ་བའི་ནུས་པ་འདོན་དགོས། ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་སྐྲུན་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། ཁྲུང་ཆིང་ནི་རང་རྒྱལ་གྱི་ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་དང་མི་འབོར་གཞི་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་པས། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་ལེན་གཏིང་ཟབ་བྱས་ནས་གྲོང་ཁྱེར་ཆེ་གྲས་ཀྱི་དེང་རབས་ཅན་གྱི་བཅོས་སྐྱོང་གི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། རིག་ནུས་གྲོང་ཁྱེར་བསྐྲུན་པའི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། གྲོང་ཁྱེར་འཁོར་སྐྱོད་དང་བཅོས་སྐྱོང་གི་རིག་ནུས་ལྟེ་བ་སྐྲུན་པ། “ཕྱོགས་བསྡུས་ཆེན་པོ་དང་གཞི་གཅིག་ཅན”གྱི་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་བཅོས་སྐྱོང་དེ་བས་རིག་ནུས་དང་། དེ་བས་ཕན་ཆེ། དེ་བས་གནད་སྨིན་བཅས་ཡོང་བར་བྱེད་དགོས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཟབ་ཏུ་གཏོང་བ། གོམས་སྲོལ་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་ཆུ་ཚད་མཐོ་རུ་གཏོང་དགོས། མཉེན་ལྡན་གྲོང་ཁྱེར་བསྐྲུན་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་གེགས་འགོག་དང་། གནོད་འཚེ་ཉུང་གཏོང་། གེགས་སེལ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གྲོང་ཁྱེར་ཆེན་པོ་དང་། གྲོང་གསེབ་ཆེན་པོ། རི་ཁུལ་ཆེན་པོ། ཆུ་མཛོད་ཁུལ་ཆེན་པོ་བཅས་གཞི་གཅིག་ཏུ་འདུས་པའི་ཁྲུང་ཆིང་གིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྫོང(ཆུས)གྲོང་གཞི་རྟེན་གལ་ཆེན་དུ་བྱེད་པའི་གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན་སྐྲུན་པར་སྐུལ་འདེད་ཧུར་ཐག་བཏང་ནས་གྲོང་ཁྱེར་གྱི་བཟོ་ཚོང་མ་རྩ་དང་། ཚན་རྩལ། ཤེས་ལྡན་པ་བཅས་གྲོང་གསེབ་ཏུ་གཏོང་བར་གོ་རིམ་ལྡན་པའི་ངང་ཁྲིད་སྟོན་དང་ཁྲིམས་ལྟར་ཚད་ལྡན་དུ་བཟོས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་རམ་འདེགས་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱས་ཏེ་རི་བོར་ལྟོས་ནས་སྐྱེ་ཁམས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་གཏོང་དགོས། “ཁྲི་སྟོང་གི་འདུ་འགོད”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་འཛུགས་སྐྲུན་བྱེད་པ་དང་ད་ལྟའི་དུས་མཚམས་ཀྱི་ཞིང་པ་མང་ཚོགས་ཀྱི་དགོས་མཁོ་ཆེ་བ་དང་། དམ་འཛིན་བྱེད་ཐུབ་པ། དམ་འཛིན་ལོ་འགའ་བྱས་རྗེས་ཕན་འབྲས་ཐོན་ཐུབ་པ་བཅས་ཀྱི་དོན་དངོས་གལ་ཆེན་ལ་དམིགས་ཏེ་དམ་འཛིན་བྱས་རིགས་ལ་གྲུབ་འབྲས་ཐོན་པར་བྱས་ནས་ཞིང་པ་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གཞི་ཆེའི་དབུལ་ལོག་མི་ཐོན་པ་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། གཡོ་འགུལ་སྤུ་ཙམ་མི་གཏོང་བའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཏང་ཡོན་དང་། ལས་བྱེད་པ། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དངོས་འཛིན་དངོས་སྒྲུབ་དང་། འབད་འབུངས་ཡར་བརྩོན། ཐེག་པ་འཁུར་ལེན་བཅས་བྱེད་དགོས། ཕྱི་ཚུལ་རིང་ལུགས་མུ་མཐུད་བཅོས་སྒྲིག་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་སྟེ་གཞི་རིམ་ལས་བྱེད་པས་ལས་སྒྲུབ་ལས་གཏོད་བྱ་རྒྱུར་མཐུན་རྐྱེན་སྐྲུན་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་དང་སྒྲིག་ལམ་དེ་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་བསྒྱུར་བར་ཁྲིད་སྟོན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ངོ་རྒོལ་དང་ཆད་གཅོད་བྱས་ཏེ་རུལ་སུངས་ཐོན་ས་དང་ཐོན་རྐྱེན་ཟམ་མི་ཆད་པར་མེད་པར་བཟོས་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྐྲུན་དགོས།
     (པ་སངས་དང་། ཚེ་བརྟན་སྒྲོལ་དཀར། སྐལ་མཆོག ཚེ་ཁོ་བཅས་ཀྱིས་སྒྱུར་ཞུས་བྱས) 
ཟླ་4ཚེས་22ནས་24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཅིའུ་ལུང་ཕོའོ་ཆུས་ཤེ་ཅ་དབན་ཁྲོམ་གཞུང་མིན་ཀྲུའུ་གྲོང་ཚོའི་སྡེ་ཁུལ་དུ་རྟོག་ཞིབ་གནང་སྐབས་སྡེ་ཁུལ་གྱི་གྲོང་མི་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།
ཟླ་4ཚེས་22ནས་24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཅིའུ་ལུང་ཕོའོ་ཆུས་ཤེ་ཅ་དབན་ཁྲོམ་གཞུང་མིན་ཀྲུའུ་གྲོང་ཚོའི་སྡེ་ཁུལ་དུ་རྟོག་ཞིབ་གནང་སྐབས་སྡེ་ཁུལ་གྱི་གྲོང་མི་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།