འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་26ཉིན།

༄༅།།རྩོམ་རིག་རིང་གྲས《ཁུ་ཁུ་ཤིས་རི》ལ་2023ལོ་འཁོར་གྱི“ཀྲུང་གོའི་དཔེ་དེབ་ཡག་པོའི”མཚན་སྙན་ཐོབ་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་26ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་4ཚེས་23ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་གོ་དཔེ་དེབ་དཔྱད་གླེང་རིག་གཞུང་ལྷན་ཚོགས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཅས་ཀྱིས་སྒྲུབ་འགན་འཁུར་བའི“དམངས་ཡོངས་ཀྱི་དཔེ་ཀློག་འདུ་ཚོགས་ཆེན་པོ·2023ལོ་འཁོར་གྱི་ཀྲུང་གོའི་དཔེ་དེབ་ཡག་པོའི”བྱ་དགའ་སྤྲོད་པའི་མཛད་སྒོའི་གནས་ཚུལ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་བསྟན་པ་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་ཧྲེན་ཀྲེན་དཔེ་སྐྲུན་ཁང་གིས་མཉམ་དུ་དཔེ་སྐྲུན་བྱས་པའི་སྐྱེ་ཁམས་སྐོར་གྱི་སྙན་ཞུའི་རྩོམ་རིག་རིང་གྲས《ཁུ་ཁུ་ཤིས་རི》ལ་2023ལོ་འཁོར་གྱི“ཀྲུང་གོའི་དཔེ་དེབ་ཡག་པོའི”མཚན་སྙན་ཐོབ་ཅིང་། དེ་ནི་2014ལོར་དཔྱད་འདེམས་བྱེད་སྒོ་སྤེལ་ཚུན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ལ་གཟི་བརྗིད་མཚན་སྙན་ཐོབ་ཐེངས་དང་པོ་ཡིན་པ་རེད།
   《ཁུ་ཁུ་ཤིས་རི》ནི་དཔེ་སྐྲུན་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་ཧྲེན་ཀྲེན་དཔེ་སྐྲུན་ཁང་གིས་ལོ་མང་རིང་མཉམ་དུ་འབད་བརྩོན་བྱས་པ་ལས་གྲུབ་པའི་དཔེ་སྐྲུན་དངོས་པོ་གལ་ཆེན་ཞིག ཀྲུང་གོའི་སྙན་ཞུའི་རྩོམ་རིག་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་རྩོམ་པ་པོ་གྲགས་ཅན་ཁྲེན་ཆི་ཝུན་གྱིས་སྐྱེ་ཁམས་སྐོར་གྱི་སྙན་ཞུའི་རྩོམ་རིག་རིང་གྲས《ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག》བརྩམས་རྗེས་ཀྱི་བརྩམས་ཆོས་ཆེན་པོ་གཞན་ཞིག་བཅས་རེད། དེའི་ནང་ཁུ་ཁུ་ཤིས་རིའི་སྐྱེ་ཁམས་ཀྱི་རིན་ཐང་ལ་དམིགས་ནས་ཁུ་ཁུ་ཤིས་རི་སྲུང་སྐྱོང་བྱེད་མཁན་སྔོན་སྤེལ་བ་ཀྲུང་གུང་ཀྲུང་དབྱང་གི“སྒྱུར་བཅོས་ཀྱི་གདོང་ལེན་པའི”མཚན་སྙན་ཐོབ་མཁན་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་གཏམ་རྒྱུད་ལ་བརྟེན་ནས། སྔོན་གཤེགས་དཔའ་བོའི་འབོད་སྐུལ་འོག་རི་སྐོར་རྒྱག་མཁན་རུ་མི་དང་དང་བླངས་པ་མང་པོས་ཤིན་ཏུ་ཞན་པའི་འཚོ་གནས་ཁོར་ཡུག་དང་འཆི་གསོན་ཉམས་སད་ཀྱི་མདུན་དུ་དད་སེམས་ཀྱི་འགན་འཁྲི་དང་། ཚེ་སྲོག་གིས་ལས་གནས་སྲུང་བར་བརྟེན་ནས་དཀའ་ཉེན་དུ་མ་བརྒྱུད་ཁུ་ཁུ་ཤིས་རིའི་སྐྱེ་ཁམས་སྲུང་སྐྱོང་མ་ལག་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བའི་མི་སེམས་འགུལ་བའི་བྱས་རྗེས་བརྗོད་ཡོད། བརྗོད་གཞི་དེ“ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་ཁབ་ཀྱི་གཙོ་གནད་དཔེ་སྐྲུན་དངོས་པོ་དཔེ་སྐྲུན་གྱི་འཆར་གཞི་དང་2023ལོའི་རྒྱལ་ཁབ་ཀྱི་དཔེ་སྐྲུན་ཐེབས་རྩའི་རོགས་སྐྱོར་རྣམ་གྲངས་ནང་ཚུད་ཡོད།