འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་25ཉིན།

༄༅།།ཨ་རི་དང་ཐའེ་ཝན་གྱི་དམག་དོན་འབྲེལ་བའི་ཐད་བཤད་དོན།  

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་25ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཚེས་24ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
     གསར་འགོད་པ་ཞིག་གིས། ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་ཀྲུང་གོར་འཚམས་འདྲིར་ཡོང་སྐབས། ཨ་རིའི་རྒྱལ་ཚོགས་གྲོས་ཁང་གོང་མས་འབྲེལ་ཡོད་ཁྲིམས་གཞིར་གྲོས་འཆམ་བྱས་པ་དེས་པུའུ་ལིན་ཁེན་གྱིས་ད་ཐེངས་ཀྲུང་གོ་ཕྱོགས་དང་གྲོས་བསྡུར་བྱ་རྒྱུར་ཤུགས་རྐྱེན་ཐེབས་སྲིད་དམ། ཀྲུང་གོ་ཕྱོགས་ཀྱིས་ཁྲིམས་དོན་གྲོས་གཞིའི་ཁྲོད་ཀྱི་ཐའེ་ཝན་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་ནང་དོན་ལ་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
     ཝང་ཝུན་པིན་གྱིས། རྒྱལ་དོན་བློན་ཆེན་པུའུ་ལིན་ཁུན་ཀྲུང་གོར་འཚམས་འདྲིར་ཡོང་བའི་འབྲེལ་ཡོད་གནས་ཚུལ་སྐོར་ང་ཚོས་རྒྱས་བཤད་གང་ལེགས་བྱས་ཡོད་པས་ཁྱེད་ཀྱིས་ཀློག་བཤེར་བྱས་ཆོག་ཅེས་བཤད། 
    ཨ་རི་དང་ཐའེ་ཝན་གཉིས་ཀྱིས་དམག་དོན་ངན་འབྲེལ་བྱེད་ཤུགས་ཆེ་རུ་བཏང་ན་ཐའེ་ཝན་ལ་བདེ་འཇགས་ཡོང་མི་སྲིད་ལ། “ཐའེ་ཝན་རང་བཙན་”ཕམ་ཉེས་སུ་འགྲོ་ངེས་ཡིན་པའི་ལས་དབང་ཡང་སྐྱོབ་མི་ཐུབ་ཅིང་། ཐའེ་ཝན་མཚོ་འགག་གི་ཛ་དྲག་ཆེ་བའི་གནས་བབ་དང་གདོང་གཏུག་དང་ཁ་གཏད་ཀྱི་ཉེན་ཁ་ཆེ་རུ་ཕྱིན་ནས་རང་སྡུག་རང་གིས་ཉོ་བ་ཁོ་ན་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་ལས་མེད་པའི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་བརྩི་སྲུང་ནན་པོར་བྱས་ཏེ། ཨ་རིའི་འགོ་ཁྲིད་པས་“ཐའེ་ཝན་རང་བཙན་”ལ་རྒྱབ་སྐྱོར་མི་བྱེད་པའི་ཁས་ལེན་བྱས་རིགས་དོན་ཐོག་ཏུ་འཁྱོལ་བ་དང་། ཐའེ་ཝན་ལ་དྲག་ཆས་སྤྲོས་མཚམས་འཇོག་པ། ཐའེ་ཝན་མཚོ་འགག་གི་གནས་བབ་ཛ་དྲག་ཆེ་བའི་རྒྱུ་རྐྱེན་གསར་པ་བཟོ་མཚམས་འཇོག་པ། ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་གནོད་འཚེ་གཏོང་མཚམས་འཇོག་པ་བཅས་བྱ་དགོས།
     ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཁྲིམས་དོན་གྲོས་གཞིའི་འཕེལ་ཕྱོགས་ལ་རྗེས་འདེད་དམ་ཟབ་བྱས་ཏེ། བློ་ཐག་ཆོད་ལ་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་རང་ངོས་ཀྱི་བདག་དབང་བདེ་འཇགས་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།