འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་25ཉིན།

༄༅།།རང་རྒྱལ་གྱི“གློག་སྤྱོད་སྒྲུབ་གཉེར”གྱི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་25ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་གློག་ཤུགས་ཞབས་ཞུའི་ཆུ་ཚད་མཐོར་གཏོང་ལས་དོན་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་2023ལོར་རང་རྒྱལ་གྱི“གློག་སྤྱོད་སྒྲུབ་གཉེར”གྱི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཞིང་། སྲིད་གཞུང་དང་ཁེ་ལས་མཉམ་ལས་དང་། དམངས་ལ་ཕན་ཞིང་ཁེ་ལས་ལ་ཕན་བདེ་བསྐྲུན་པ། སྤུས་ཚད་མཐོ་པོས་གློག་གི་ལས་སྒོ་གཉེར་བ། བློས་འགེལ་ཆོག་པའི་གློག་གཏོང་བ་སོགས་ཀྱི་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ན་ནིང་རྒྱལ་ཡོངས་ཀྱི་གློག་སྤྱོད་མཁན་གྱི་གློག་གཉེར་མ་དངུལ་སྒོར་དུང་ཕྱུར་600གྲོན་ཆུང་ཐུབ་པ་དང་ལོ་4ལ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་2600ཡན་གྲོན་ཆུང་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     2020ལོར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས《གློག་ཤུགས་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་གློག་སྤྱོད་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཤིང་། དེའི་ནང་རྒྱལ་ཡོངས་སུ་གྲོང་མི་འཛད་སྤྱོད་པ་དང་དམའ་གནོན་གློག་སྤྱོད་ཁེ་ལས་ཆུང་ཕྲན་གྱི་གློག་མཁོ་འདོན་རེ་ཞུ་དང་སྒྲིག་སྦྱོར་ལས་དོན་སྒྲུབ་སྐབས“ཕྱིར་སྐྱོད་མི་དགོས་པ་དང་། ཞིབ་བཤེར་ཆོག་མཆན་འགོད་མི་དགོས་པ། མ་དངུལ་གཏོང་མི་དགོས་པ”བཅས་ཀྱི་ཞབས་ཞུ་དང་། མཐོ་གནོན་གློག་སྤྱོད་མཁན་གྱི་གློག་མཁོ་འདོན་རེ་ཞུ་དང་སྒྲིག་སྦྱོར་ལས་དོན་སྒྲུབ་སྐབས“ནུས་ཤུགས་གྲོན་ཆུང་དང་། དུས་ཚོད་གྲོན་ཆུང་། མ་དངུལ་གྲོན་ཆུང”བཅས་ཀྱི་ཞབས་ཞུ་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་བཏོན་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། ཕྱོགས་ཁག་གི་འབད་བརྩོན་འོག འབྲེལ་ཡོད་དམིགས་ཚད་ལས་འགན་གཙོ་བོ་2022ལོའི་ལོ་མཇུག་གོང་ཡོངས་སུ་ལེགས་གྲུབ་ཟིན་པ་དང་། རྒྱལ་ཡོངས་སུ་སྤྱིའི་ཆ་ནས་གློག་སྤྱོད་རེ་ཞུ་དང་སྒྲིག་སྦྱོར་གྱི“མི་དགོས་པ་གསུམ”དང“གྲོན་ཆུང་གསུམ”གྱི་ཞབས་ཞུ་ཕྱོགས་ཡོངས་ལ་ཁྱབ་ཡོད།
     (ཟླ་ཕུར་གྱིས་བསྒྱུར། སྤེན་ཚེས་ཞུས)