འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་25ཉིན།

༄༅།།རང་རྒྱལ་གྱི་རླུང་གློག་ཉི་ནུས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་11ཡན་ཟིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་25ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། བོད་བྱང་ཐང་ས་མཐོ་དང་བོད་ལྗོངས་ནག་ཆུའི་འོ་མ་དེང་དགེའི་ཀྲའོ་ཝ་100ཡི་རླུང་གློག་རྣམ་གྲངས་གློག་ཆ་ཚང་གློག་དྲ་སྦྲེལ་ནས་གློག་གཏོང་ཐུབ་ནས། ལོ་ལྟར་གློག་ནུས་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་2ཙམ་མཁོ་འདོན་ཐུབ་པ་དང་། ཐེན་ཧྲན་རི་བོའི་བྱང་འདབས་ཀྱི་ཤིན་ཅང་ཧྭ་གློག་གི་ཆན་ཝ་ཁྲི་610ཡི་ནུས་རྒྱུ་གསར་པའི་རྟེན་གཞི་ལས་འགོ་ཚུགས་པ་དང་། ཁྱོན་ས་བཟུང་རྒྱ་ཁྱོན་སྟོང་སྨི་རྒྱ་དཔངས་གྲུ་བཞི་མ་990ཙམ་ཟིན་པ་དང་། ཉི་ནུས་དང་། འོད་ཤུགས་དང་ས་འོག་ཚ་ནུས། མེ་ཤུགས་གློག་འདོན་སོགས་ནུས་རྒྱུ་སྣ་ཚོགས་གསབ་རེས་བྱས་ནས་གློག་གཏོང་བ་སོགས། འདི་ལོ་ཚུན་དུ། རང་རྒྱལ་གྱི་ནུས་རྒྱུ་ཕྱོགས་སྒྱུར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད། ཚེས་22ཉིན། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་བ་3པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་29.9ཙམ་ཟིན་པ་དེ་དུས་མཚུངས་ལས་14.5%འཕར་བའི་ནང་། ཉི་ནུས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་6.6ཙམ་ཟིན་པ་དེ་དུས་མཚུངས་ལས་55%འཕར་བ་དང་། རླུང་གློག་གི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་4.6ཙམ་ཟིན་པ་དེ་དུས་མཚུངས་ལས་21.5%འཕར་ཡོད། 
     རང་རྒྱལ་གྱི་རླུང་གློག་ཉི་ནུས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་2023ལོར་བསྟུད་མར་ཆན་ཝ་དུང་ཕྱུར་8དང་། ཆན་ཝ་དུང་ཕྱུར་9 ཆན་ཝ་དུང་ཕྱུར་10བཅས་ལས་བརྒལ་རྗེས། ཉེ་ཆར་སླར་ཡང་ཆན་ཝ་དུང་ཕྱུར་11ལས་བརྒལ་ནས་རྒྱལ་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་བསྡུར་ཚད་ཀྱི་37.3%ཙམ་བཟུང་བ་དང་། གློག་ཤུགས་གློག་འདོན་འཕྲུལ་འཁོར་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་རྒྱུན་མཐུད་བྱས་ཡོད།
     དུས་ཚིགས་དང་པོར། རྒྱལ་ཡོངས་སུ་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་6943གསར་དུ་འཕར་བ་དེ་དུས་མཚུངས་ལས་ཆན་ཝ་ཁྲི་1342འཕར་བ་དང་། དེའི་ནང་ཆུ་གློག་ཆན་ཝ་ཁྲི་181དང་། མེ་ཤུགས་ཆན་ཝ་ཁྲི་639 རླུང་གློག་ཆན་ཝ་ཁྲི་1550 ཉི་ནུས་ཀྱི་གློག་གཏོང་ཆན་ཝ་ཁྲི་4574བཅས་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་ཁྲི་2.2ཟིན་པ་དེ་དུས་མཚུངས་ལས་6.7%འཕར་བའི་ནང་། མེ་ཤུགས་ཀྱི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་ཁྲི་1.6ཟིན་པ་དེ་དུས་མཚུངས་ལས་6.6%འཕར་བ་དང་། ཆུ་གློག་དང་། ཉིང་རྡུལ་གློག རླུང་གློག ཉི་ནུས་ཀྱི་གློག་གཏོང་སོགས་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་ཁྲི་0.6ཟིན་པ་དེ་དུས་མཚུངས་ལས་6.9%འཕར་ཡོད།
     (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)