འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་25ཉིན།

༄༅།།མཚོ་སྔོན་གྱིས་ཤེས་བྱའི་བདག་དབང་དང་འབྲེལ་བ་ཡོད་པའི་དཔེ་མཚོན་གྱོད་དཔེ་8ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་25ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། འཛམ་གླིང་ཤེས་བྱའི་བདག་དབང་ཉིན་མོ་24པ་འཆར་ཉེའི་སྐབས་སུ། མཚོ་སྔོན་ཞིང་ཆེན་ཤེས་བྱའི་བདག་དབང་འཐབ་ཇུས་ལག་བསྟར་ལས་དོན་མཉམ་འབྲེལ་གྲོས་ཚོགས་གཞུང་དོན་ཁང་གིས་ཉིན་ཤས་གོང་ཤེས་བྱའི་བདག་དབང་སྐོར་གྱི་དཔེ་མཚོན་གྱོད་དཔེ་8ཡོངས་བསྒྲགས་བྱས་པ་རེད།
    2018ལོ་ནས་2020ལོའི་བར་ཧོའུ་ཆེ་གེ་མོ་དང་། ཅི་ཆེ་གེ་མོ། ཀོན་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་གྱི་ཁེ་སྤོགས་འབོར་ཆེན་རག་ཆེད། ཐོ་འགོད་ཚོང་རྟགས་ཀྱི་བདག་དབང་ཡོད་མཁན་གྱི་དབང་བསྐུར་ཆོག་མཆན་མ་ཐོབ་པའི་གནས་ཚུལ་འོག་རིན་གོང་དམའ་པོར་ཉོས་པའི་ཨ་རག་དཀར་པོ་རང་དགར་བསྲེས་སྦྱོར་བྱས་རྗེས་ཉོས་ཟིན་པའི་གྲགས་ཅན་ཚོང་རྟགས་མང་པོའི་ཤེལ་དམ་ནང་བླུགས་ཏེ་ཁྲོམ་རའི་རིན་གོང་ལས་དམའ་བར་བཙོངས་ཏེ་ཁེ་སྤོགས་རག་ཐབས་བྱས། གྱོད་གཞི་ཐོན་རྗེས་སྤྱི་བདེ་ལས་ཁུངས་ཀྱིས་འཚོང་རྒྱུར་ལུས་པའི་ཐོ་འགོད་ཚོང་རྟགས་ལ་རྫུས་པའི་ཨ་རག་དཀར་པོ་ཤེལ་དམ་ཁྲི་3.49དང་ཕྱེད་བཟོས་ཐོན་རྫས་ཏུན་25རྩད་ཆོད་པ་དང་དེ་དག་གི་རིན་ཐང་ཁྱོན་སྒོར་དུང་ཕྱུར་གཅིག་ཙམ་ཟིན་ཡོད།
    2022ལོའི་ཟླ་4ཚེས་7ཉིན་ཟི་ལིང་གྲོང་ཁྱེར་རིག་གནས་ཁྲོམ་ར་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་ཀྱི་ཁྲིམས་འཛིན་མི་སྣས་ཞིབ་བཤེར་བྱེད་སྐབས། ཟི་ལིང་གི་པར་འདེབས་བཟོ་གྲྭ་ཞིག་གིས་མ་དཔེ་དང་མངགས་བཅོལ་པར་འདེབས་གན་རྒྱ་མཁོ་འདོན་བྱེད་ཐབས་བྲལ་བའི་དཔེ་དེབ་འབོར་ཆེན་ཉར་ཚགས་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད། ཞིབ་བཤེར་བྱས་པ་བརྒྱུད། པར་འདེབས་བཟོ་གྲྭ་དེས་དཔེ་དེབ་30000ལྷག་ཙམ་པར་དབང་རྐུ་སྤྱོད་བྱས་པ་དེ་ཁྲིམས་འགལ་གྱི་གཉེར་སྐྱོང་བྱེད་སྤྱོད་ཀྱི་ཁོངས་སུ་གཏོགས་པ་དང་གནས་ཚུལ་ཡང་ཚབས་ཆེ་བས། འབྲེལ་ཡོད་འགན་འཁུར་བ་སྤྱི་བདེ་ལས་ཁུངས་ལ་ཐག་གཅོད་བྱེད་པར་རྩིས་སྤྲད་པ་རེད།
   2021ལོའི་ཟླ་6པར་ལི་ཆེ་གེ་མོས་ཤེལ་དམ་རེར་སྒོར་620ཡི་རིན་གོང་ཐོག་ནས་ཏིང་ཆེ་གེ་མོར་གྲགས་ཅན་ཚོང་རྟགས་ལ་རྫུས་པའི་ཨ་རག་དཀར་པོ་སྒམ་50(ཁྱོན་ཤེལ་དམ་300)སྦྲག་ཐོག་ནས་བཙོངས་པར་ཁྱོན་ཁེ་སྤོགས་སྒོར་ཁྲི་18.6རག་པ་དང་། དེ་རྗེས་ཁོ་པ་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བྱས་པ་རེད། 
   ཡོངས་བསྒྲགས་བྱས་པའི་དཔེ་མཚོན་གྱོད་དཔེའི་ནང་ད་དུང་ཞུས་ཆེ་གེ་མོས་ཐོ་འགོད་ཚོང་རྟགས་ལ་རྫུས་པའི་ཚོང་ཟོག་བཙོངས་པའི་ཉེས་གསོག་གྱོད་གཞི་དང་། གོར་མོ་གྲོང་ཁྱེར་གྱི་ལེའང་ཆེ་གེ་མོའི་རླངས་འཁོར་ཉམས་བཟོ་པུའུ་ཡིས་ཐོ་འགོད་ཚོང་རྟགས་ཀྱི་ཆེད་སྤྱོད་དབང་ཆར་བཙན་གནོད་བྱས་པའི་ཚོང་ཟོག་བཙོངས་པའི་གྱོད་གཞི། ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་ཨར་ལས་རྒྱུ་ཆ་གཉེར་སྐྱོང་པུའུ་ཞིག་གིས་མི་གཞན་གྱི་ཐོ་འགོད་ཚོང་རྟགས་ཀྱི་ཆེད་སྤྱོད་དབང་ཆར་བཙན་གནོད་བྱས་པའི་ཚོང་ཟོག་བཙོངས་པའི་གྱོད་གཞི། མཚོ་ཤར་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲུན་ཐག་བཅད་པའི་ཟམ་པའི་ཨར་ལས་སྒྲིག་ཆས་ཀྱི་ཁེ་བེད་བདག་ཐོབ་ལ་བཙན་གནོད་བྱས་པའི་རྩོད་གཞིའི་གྱོད་གཞི་རབ་དང་རིམ་པ་དང་། དེ་བཞིན་ཟི་ལིང་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲུན་ཐག་བཅད་པའི་གསང་སྤྱོད་ཀྱི་ཁེ་བེད་བདག་ཐོབ་ལ་བཙན་གནོད་བྱས་པའི་རྩོད་གཞིའི་གྱོད་གཞི་རབ་དང་རིམ་པ་བཅས་ཚུད་ཡོད་པ་རེད།