འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་24ཉིན།

༄༅།།“རྒྱུད་གཅིག་ལམ་གཅིག”གི་ཁྲལ་འབབ་བསྡུ་འདོམས་མཉམ་ལས་ལམ་སྲོལ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་24ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། དངོས་སྒྲུབ་ཕན་ཆེའི་ཁྲལ་བསྡུའི་མཉམ་ལས་ལམ་སྲོལ་བཙུགས་ནས། མཛའ་མཐུན་རྣམ་པའི་ཁྲལ་བསྡུའི་ཁོར་ཡུག་ཡག་ཏུ་འགྲོ་བར་སྐུལ་འདེད་གཏོང་རྒྱུར་དམིགས་ནས། ཀྲུང་གོའི་ཁྲལ་དོན་སྡེ་ཚན་གྱིས་2019ལོར་ཐོག་མར་གྲོས་འགོ་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་ཁྲལ་འབབ་བསྡུ་འདོམས་མཉམ་ལས་ལམ་སྲོལ་བཙུགས་ནས་ད་བར་ལོ་ལྔ་སོང་ཡོད་ལ། མཉམ་ལས་ཀྱི་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ་ནས། ཕྱོགས་ཁག་ལ་དཔལ་འབྱོར་ཚོང་དོན་ཤར་གཏོང་དང་ཁྲལ་འབབ་བཅོས་སྐྱོང་གི་ནུས་པ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི“སྦྲེལ་ཟམ”ཞིག་བསྐྲུན་ཡོད།
འདི་ནི་ཉེ་ཆར་གསར་འགོད་པར་པེ་ཅིང་དུ་འཚོགས་པའི“རྒྱུད་གཅིག་ལམ་གཅིག”གི་ཁྲལ་འབབ་བསྡུ་འདོམས་མཉམ་ལས་ལམ་སྲོལ་བཙུགས་ནས་ལོ་ལྔ་སོང་བའི་དམིགས་བསལ་བྱེད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
   ལོ་ལྔའི་རིང་། མཉམ་ལས་ལམ་སྲོལ་དེ་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོ་ནས་ཨ་ཧྥེ་རི་ཁ་དང་། རྒྱ་མཚོ་ཆེན་པོ་གླིང་། ལ་ཏིང་མེ་གླིང་བཅས་བར་སྣུར་སྲིང་བྱས་ནས། ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་36དང་། ལྟ་ཞིབ་པ་30 མནའ་འབྲེལ་གྱི་ཁོངས་མི་20 མཉམ་ལས་བྱེད་མཁན་14བཅས་བར་མང་དུ་ཕྱིན་ཏེ་མཉམ་ལས་ལམ་སྲོལ་གྱི“གྲོགས་ཚོགས”རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད།
    གསར་འགོད་པར་ཤེས་རྟོགས་བྱུང་བར། མཉམ་ལས་ལམ་སྲོལ་གྱི་སྤུས་རྟགས་བྱེད་སྒོ་གལ་ཆེན་ཞིག་ཡིན་པའི“རྒྱུད་གཅིག་ལམ་གཅིག”གི་ཁྲལ་འབབ་བསྡུ་འདོམས་མཉམ་ལས་གླེང་སྟེགས་སྐབས་བཞི་གྲུབ་འབྲས་ཐོབ་པའི་ངང་གཉེར་ཡོད་ཅིང་། ཕྱོགས་ཁག་གིས་ཁྲལ་འབབ་བསྡུ་འདོམས་ནུས་པ་འཛུགས་སྐྱོང་དང་ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་ལེགས་གཏོང་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་གྲོས་བསྡུར་རྒྱ་ཁྱབ་ངང་བྱས་ཏེ་རིམ་རྩིས་བྱས་ན་གྲུབ་འབྲས་ཁག་20ཁྱབ་བསྒྲགས་བྱས་ཡོད།
   “རྒྱུད་གཅིག་ལམ་གཅིག”གི་ཁྲལ་འབབ་བསྡུ་འདོམས་ནུས་པར་སྐུལ་འདེད་ཀྱི་མནའ་འབྲེལ་སློབ་ཚན་མ་ལག་གི་པར་གཞི་1.0ནི་མཉམ་ལས་ལམ་སྲོལ་གྱི་གྲུབ་འབྲས་གལ་ཆེན་གཞན་ཞིག་ཡིན་ཞིང་། མིག་སྔར་མནའ་འབྲེལ་དེས་དྲ་ཐོག་དང་དྲ་ཕྱིའི་གསོ་སྦྱོང་དུས་ཐེངས་90ལྷག་ཙམ་གྲུབ་འབྲས་ཐོབ་པའི་ངང་གཉེར་ཡོད་ལ། རྒྱལ་ཁབ་དང་ས་ཁུལ་120ལྷག་ཙམ་ནས་ཡོང་བའི་ནོར་ཁྲལ་དཔོན་རིགས་5000ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད།
   གཞན་ཡང་མཉམ་ལས་ལམ་སྲོལ་གྱི་གཞུང་ཕྱོགས་དྲ་ཚིགས་དེ་2020ལོར་དྲ་ཐོག་ཏུ་འཁོར་སྐྱོད་བྱས་ཡོད་ཅིང་། མིག་སྔར་དེ་སྤྱོད་མཁན་རྒྱལ་ཁབ་དང་ས་ཁུལ་170ལྷག་ཙམ་ལ་ཁྱབ་ཡོད།