འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་24ཉིན།

༄༅།།ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཡིས། ལྷ་སའི་མཚན་མོའི་ཡུལ་ལྗོངས་ལ་བཀྲག་མདངས་འཚེར་བར་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་24ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མཚན་མོའི་སྐར་འོད་ཆེམ་ཆེམ་ཁྲོད《འུན་ཤིང་ཀོང་ཇོའི》ལོ་རྒྱུས་སྙན་ངག་གི་ཟློས་གར་ཆེ་གྲས་འཁྲབ་སྟོན་བྱེད་འགོ་སླར་ཡང་ཚུགས་ཡོད། སི་ཁྲོན་གྱི་ཡུལ་སྐོར་བ་ཀྲང་ཡུན་ནི《འུན་ཤིང་ཀོང་ཇོའི》ལོ་རྒྱུས་སྙན་ངག་ཟློས་གར་ལྟ་ཐེངས་དང་པོ་རེད། འཁྲབ་རྩལ་དང་གློག་སྒྲོན་སྣ་ཚོགས་ཀྱིས་ཁོང་གི་ཡིད་དབང་བཀུག་པ་མ་ཟད། འཁྲབ་སྟོན་བལྟས་རྗེས་འུན་ཤིང་ཀོང་ཇོའི་སྙིང་སྟོབས་ལ་ཡི་རངས་ཆེན་པོ་སྐྱེས།
    ཟློས་གར་འཁྲབ་སྟོན་འདིས་ཐོག་མ་ཉིད་ནས་བོད་ཀྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཁྲོམ་རར་དམིགས་ཡོད། ལོ་10ལྷག་ཙམ་འཁྲབ་སྟོན་བྱས་པ་བརྒྱུད། ད་ཆ་ཕོ་བྲང་པོ་ཏ་ལར་ལྟ་སྐོར་དང་། བར་སྐོར་ཁྲོམ་གཞུང་སྐོར་བ། 《འུན་ཤིང་ཀོང་ཇོའི》ལོ་རྒྱུས་སྙན་ངག་ཟློས་གར་ལྟ་བ་བཅས་དེ་དག་ལྷ་སའི་ཡུལ་སྐོར་གྱི་མཚོན་རྟགས་སུ་གྱུར་ཡོད། ད་བར། འཁྲབ་སྟོན་ཐེངས་1800བྱས་པ་དང་འཁྲབ་སྟོན་དང་ཡུལ་སྐོར་གྱི་ལེ་ལག་ཚང་བའི་རྣམ་གྲངས་ཀྱིས་ལྟད་མོ་བ་དང་ཡུལ་སྐོར་བ་མི་ཐེངས་ཁྲི་3000ལ་སྣེ་ལེན་ཞུས་ཡོད་ལ། ཡོང་འབབ་སྒོར་དུང་ཕྱུར་13.5བཏོད་ཡོད།
   འཁྲབ་སྟོན་བྱེད་ས་ཡང་གནའ་དུས་ཀོང་ཇོ་སྐུ་ངལ་གསོ་སའི་ཚེ་མཆོག་གླིང་གྲོང་ཚོར་ཡོད་པ་དང་མཚན་མོ་ཡུལ་སྐོར་བའི་ཡིད་སྨོན་འཆོར་ཡུལ་དུ་གྱུར་ཅིང་། འདི་ནས་ཚེ་མཆོག་གླིང་གི་དམངས་སྲོལ་ཁྲོམ་གཞུང་དུ་འཆམ་འཆམ་དུ་འགྲོ་བ་དང་ཕོ་བྲང་པོ་ཏ་ལར་རྒྱང་ལྟ་བྱེད་ཆོག་ལ། ས་གནས་ཀྱི་ཞིམ་ཟས་ཀྱི་བྲོ་བ་མྱོང་ཐུབ་པ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་ལག་རྟགས་གང་དགོས་ཉོ་ཆོག་པས། ཡུལ་སྐོར་བ་ཚོས་ཚེ་མཆོག་གླིང་གྲོང་ཚོ་ནས་ལྷ་སའི་མཚན་མོའི་འཁྲུག་ཆ་དོད་པའི་རྣམ་པ་མྱོང་རོལ་ཐུབ་ཡོད།
    འཁྲབ་སྟོན་བྱས་པ་ནས་བཟུང་། སྔོན་མ་ཞིང་འབྲོག་ལས་གཙོ་བོར་བྱེད་པའི་ཚེ་མཆོག་གླིང་གྲོང་ཚོ་ད་ཆ་བོད་ཀྱི་གྲགས་ཅན་རིག་གནས་ཡུལ་སྐོར་གྱི་མཚོན་རྟགས་སུ་གྱུར་ཡོད། ས་གནས་དེ་གའི་ཞིང་འབྲོག་པ་འཁྲབ་སྟོན་ནང་ཞུགས་ཡོད་ལ། ཁྱིམ་གྱི་སྒོ་ཕྱུགས་ཀྱང་འཁྲབ་སྟོན་ནང་ཚུད་ཡོད།
    བསོད་ནམས་འཁྲབ་སྟོན་ནང་ཞུགས་ནས་ལོ་12འགྲོ་གི་ཡོད། བསོད་ནམས་ཀྱིས“གལ་སྲིད་འཁྲབ་སྟོན་པ་ཞིག་ཆགས་མེད་ཚེ། ངས་ཞིང་པ་ཞིག་གམ་ཕྱུགས་རྫི་ཡང་ན་ཁ་ལོ་བ་ཞིག་བྱས་ནས་འཚོ་བ་སྐྱེལ་བཞིན་ཡོད་ཀྱི་རེད”ཅེས་བརྗོད་བྱུང་། གཏམ་རྒྱུད་དེ་ནི་བོད་དུ་དར་ཁྱབ་ཆེ་བའི་གཏམ་རྒྱུད་ཀྱི་གྲས་ཡིན་པ་དང་། ཆུང་དུས་གཏམ་རྒྱུད་དེ་ཉན་ནས་འཚར་ལོངས་བྱུང་བའི་ཁོང་ལ་མཚོན་ན། འཁྲབ་སྟོན་བྱེད་ཐེངས་རེར་བརྗོད་མི་ཤེས་པའི་ཚོར་སྣང་ཞིག་ཡོང་གི་ཡོད།
    ཡུལ་སྐོར་སྣེ་ཤན་པ་ཚོས་ཀུ་རེའི་ཚུལ་གྱིས་འུན་ཤིང་ཀོང་ཇོ་ནི“བོད་སྐྱོར་ལས་བྱེད་པ་དང་པོ་རེད”ཅེས་བརྗོད་ཀྱི་ཡོད། དུས་རབས་གསར་པར་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་བོད་སྐྲུན་བོད་དར་གྱི་བྱ་གཞག་ནང་ཞུགས་མཁན་བོད་སྐྱོར་ལས་བྱེད་པ་ནི་དེང་སྐབས་ཀྱི“འུན་ཤིང་ཀོང་ཇོ”མ་ཡིན་ནམ། འཁྲབ་སྟོན་གྱི་སྙན་འཇེབས་རོལ་དབྱངས་ལྷང་ལྷང་དུ་གྲགས་ཤིང་། གངས་ལྗོངས་ས་མཐོ་ནི་འུན་ཤིང་ཀོང་ཇོའི་གཅེས་པའི་ཕ་ཡུལ་ཡིན་ལ། ས་མཐོར་འཚོ་བ་སྐྱེལ་མཁན་དང་ས་མཐོར་དགའ་བའི་ཁྱེད་དང་། བདག ཁོང་བཅས་ཀྱི་ཕ་ཡུལ་ཡང་ཡིན།
   (2024ལོའི་ཟླ་4ཚེས་14ཉིན་གྱི《དཔལ་འབྱོར་ཉིན་རེའི་ཚགས་པར》གྱི་པར་ངོས་09ནས་བདམས་བཀོད་བྱས)