འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་23ཉིན།

༄༅།།དབྱར་རྩྭ་དགུན་འབུ་འདེབས་འཛུགས་གཏན་འགོག་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་23ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་4ཚེས་19ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྐང་ཚ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱིས《རྐང་ཚ་རྫོང་མངའ་ཁོངས་སུ་མིས་བཟོས་དབྱར་རྩྭ་དགུན་འབུ་འདེབས་འཛུགས་བྱེད་སྒོ་སྤེལ་མི་ཆོག་པའི་སྐོར་གྱི་བརྡ་ཁྱབ》བཏང་དོན། མི་ཐབས་ལ་བརྟེན་ནས་བཏབས་པའི་དབྱར་རྩྭ་དགུན་འབུ་མཚོ་སྔོན་ཞིང་ཆེན་དབྱར་རྩྭ་དགུན་འབུ་ཉོ་ཚོང་ཁྲོམ་རར་མཐོང་རྒྱུ་ཡོད་པ་དང་། དབྱར་རྩྭ་དགུན་འབུ་དེ་བཙན་ལྷའི་འབུ་མེ་ལྕེབ(THITARODES XIAOJINENSIS)སྲིན་འབུ་རྟེན་གནས་སུ་བྱས་པ་ཞིག་ཡིན། བཙན་ལྷའི་འབུ་མེ་ལྕེབ་དེ་རིགས་མཚོ་སྔོན་ཞིང་ཆེན་དུ་མེད་པས། ཕྱི་ནས་ཡོང་བའི་སྐྱེས་དངོས་ཀྱི་རིགས་ཤིག་རེད། 
   གསར་འགོད་པས་ཤེས་རྟོགས་བྱུང་བར། ཉེ་ཆར་མཚོ་སྔོན་ཡུལ་ཤུལ་ཁུལ་གྱི་ཡུལ་ཤུལ་གྲོང་ཁྱེར་དང་། མཚོ་ནུབ་ཁུལ། མཚོ་ཤར་གྲོང་ཁྱེར་རྨིན་ཧོ་རྫོང་། མཚོ་ལྷོ་ཁུལ་བྲག་དཀར་རྫོང་། མང་རྫོང་སོགས་ས་ཁུལ་མང་པོ་ཞིག་གིས་དེ་དང་འདྲ་བའི་བརྡ་ཁྱབ་བཏང་ནས། མི་ཐབས་ལ་བརྟེན་པའི་དབྱར་རྩྭ་དགུན་འབུ་འདེབས་རྒྱུ་གཏན་འགོག་བྱས་པ་རེད།
   འོ་ན། མི་ཐབས་ལ་བརྟེན་ནས་བཏབ་པའི་དབྱར་རྩྭ་དགུན་འབུ་དེ་རིགས་ཕྱི་ནས་ཡོང་བའི་སྐྱེ་དངོས་སུ་གཏན་འཁེལ་བྱེད་དོན་ཅི་ཡིན་དམ། 
“མཚོ་སྔོན་གྱི་མཚོ་བྱང་དང་མཚོ་ནུབ་སོགས་ས་ཁུལ་དུ་མི་ཐབས་ལ་བརྟེན་ནས་བཏབ་པའི་དབྱར་རྩྭ་དགུན་འབུ་དེ་ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས་སུ་གཏན་འཁེལ་བྱས་པ་དང་། ས་གནས་དེ་གའི་འདེབས་རྒྱུ་གཏན་འགོག་བྱས་པ་དེ་ནི་སྣོད་བཅུད་བདེ་འཇགས་ལ་བསམ་གཞིག་བྱས་པ་རེད།”ཀྲུང་གོའི་མི་དམངས་སློབ་ཆེན་སྣོད་བཅུད་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེན་མོ། ཀྲུང་གོའི་ཀྲུང་ལུགས་སྨན་རྫས་མཐུན་ཚོགས་ཀྱི་སྨན་སྤྱོད་སྲོག་ཆགས་སྲུང་སྐྱོང་དང་བེད་སྤྱོད་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་མེང་ཤིའུ་ཞང་གིས་གསར་འགོད་པར་བཤད་དོན། དབྱར་རྩྭ་དགུན་འབུ་ནི་འབུ་སྲིན་མཉམ་འདུས་ཕུང་པོ་ཞིག་ཡིན་པ་དང་། དབྱར་རྩྭ་དགུན་འབུའི་འབུ་སྲིན་དེ་ཕ་ཝང་མེ་ལྕེབ་ཚན་པའི་སྲིན་འབུའི་འབུ་ཕྲུག་དང་འདྲེས་པ་ལས་གྲུབ་པ་ཞིག་རེད། ལོ་རྒྱུས་ཐོག་སྔོག་འདོན་དང་ཁོར་ཡུག་འགྱུར་ལྡོག་སོགས་ཀྱི་དབང་གིས། རང་རྒྱལ་གྱི་རི་སྐྱེས་དབྱར་རྩྭ་དགུན་འབུ་ཐོན་ཁུངས་ཁྱབ་ཁོངས་ཆུང་དུ་ཕྱིན་པ་དང་ཐོན་ཁུངས་ཀྱི་གསོག་ཚད་ཉུང་དུ་ཕྱིན་ཡོད། དབྱར་རྩྭ་དགུན་འབུ་ཐོན་ཁུངས་རྒྱུན་མཐུད་ངང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་ཆེད། རང་རྒྱལ་གྱིས་མི་ཐབས་ལ་བརྟེན་ནས་དབྱར་རྩྭ་དགུན་འབུ་བཏབ་པ་རེད། རང་རྒྱལ་གྱི་མཁས་དབང་གིས་2009ལོར་ཁྱབ་བསྒྲགས་བྱས་པའི་ཕ་ཝང་མེ་ལྕེབ་ཀྱི་རིགས་གསར་པ་ཞིག་སྟེ་བཙན་ལྷའི་འབུ་མེ་ལྕེབ་དེ་དབྱར་རྩྭ་འདེབས་པ་སྤྱོད་པར་ལེགས་གྲུབ་བྱུང་བ་རེད།  
   “མཚོ་སྔོན་དུ་བཙན་ལྷའི་འབུ་མེ་ལྕེབ་དེ་རང་བྱུང་ཁམས་སུ་མེད་པ་གཏན་འཁེལ་ན། འབུ་དེ་ནི་ས་གནས་དེ་གའི་ཕྱི་ནས་ཡོང་བའི་སྐྱེ་དངོས་སུ་གཏན་འཁེལ་བྱེད་ངེས། གལ་ཏེ་མཚོ་སྔོན་དུ་དབྱར་རྩྭ་དགུན་འབུ་བཏབ་ཚེ་མཚོ་སྔོན་དུ་བཙན་ལྷའི་འབུ་མེ་ལྕེབ་ནང་འདྲེན་བྱ་དགོས་ལ། གལ་ཏེ་ཕྱི་ལ་ཤོར་ནས་མཚོ་སྔོན་དུ་འོས་འཚམ་གྱི་ཁྱབ་ཁོངས་དང་དེ་བཞིན་རང་བྱུང་ཁོར་ཡུག་སོགས་གཞི་རྩའི་སྣོད་བཅུད་ལ་བཙན་འཛུལ་བྱས་ནས་ས་གནས་དེ་གའི་སྤྱི་ཚོགས་དང་། དཔལ་འབྱོར། སྣོད་བཅུད་བཅས་ལ་ཕན་འབྲས་ངན་པ་ཐོན་སྲིད”ཅེས་མེང་ཤིའུ་ཞང་གིས་བཤད། 
   ཁྲེན་ཏུའུ་ཧྭ་ཞི་འབུ་སྲིན་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་ཀྲའོ་ལིས་ངོ་སྤྲོད་བྱས་པར་གཞིགས་ན། བཙན་ལྷའི་འབུ་མེ་ལྕེབ་ཞེས་པ་གཙོ་བོ་བཙན་ལྷ་རྫོང་དང་དེ་བཞིན་རྫོང་དེ་དང་ས་མཚམས་འབྲེལ་བའི་ཆུ་ཆེན་རྫོང་དང་རོང་བྲག་རྫོང་བཅས་ལ་ཁྱབ་ཡོད། སྨན་སྤྱོད་རིན་ཐང་ཁོ་ནར་མཚོན་ན། རིགས་འདིས་གསོ་སྤེལ་བྱས་པའི་དབྱར་རྩྭ་དགུན་འབུ་དང་མཚོ་སྔོན་རང་ས་ནས་ཐོན་པའི་དབྱར་རྩྭ་དང་ཁྱད་པར་མངོན་གསལ་མེད། གལ་ཏེ་ཐོག་མའི་ཐོན་ཡུལ་དུ་དབྱར་རྩྭ་དགུན་འབུ་བཏབ་ན་སྐྱོན་མེད། འོན་ཀྱང་། མཚོ་སྔོན་དུ་ལྟ་རྟོག་ནན་པོ་བྱས་ནས་ཕྱི་རོལ་དུ་མི་ཁྱབ་པ་བྱེད་དགོས།
   “ས་ཁུལ་མི་འདྲ་བར་དབྱར་རྩྭ་དགུན་འབུའི་རྟེན་གནས་མི་འདྲ་སྟེ། རང་རྒྱལ་དུ་ཉུང་མཐར་ཡང་ཕ་ཝང་མེ་ལྕེབ་རིགས་བཅུ་ལྷག་དབྱར་རྩྭ་དགུན་འབུའི་རྟེན་གནས་སུ་གྱུར་ཡོད། འོན་ཀྱང་། ས་ཁུལ་དེར་མེད་པའི་སྲིན་འབུའི་རིགས་ཤིག་ས་ཆ་གཞན་ནས་ནང་འདྲེན་མ་བྱས་ནས་དགའ།” ཀྲའོ་ལིས་ཁ་གསབ་བྱས་དོན། གལ་ཏེ་ས་ཁུལ་མི་འདྲ་བའི་ཕ་ཝང་མེ་ལྕེབ་དེ་མ་གཞི་ནས་ཁྱབ་མེད་པའི་ས་ཁོངས་སུ་དྲངས་ཚེ་ས་ཁུལ་དེའི་ཕ་ཝང་མེ་ལྕེབ་ལ་གནོད་སྐྱེལ་ནས་ས་ཁུལ་དེའི་སྣོད་བཅུད་དོ་སྙོམས་ལ་གཏོར་བཤིག་གཏོང་སྲིད། ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་དོ་མཉམ་ནི་མ་གཞི་ནས་ཧ་ཅང་ཉམས་ཞན་ཡིན་པས། འགྱུར་ལྡོག་ཕྲན་བུ་བྱུང་ནའང་ཤུགས་རྐྱེན་ཆེན་པོ་ཐེབས་ངེས།