འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་23ཉིན།

༄༅།།རྒྱལ་ཁབ་ཀྱི་ཚད་བརྒལ་རྩིས་རྒྱག་དྲ་སྦྲེལ་ལས་སྟེགས་སྤྱོད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་23ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཚད་བརྒལ་རྩིས་རྒྱག་དྲ་སྦྲེལ་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཚད་བརྒལ་རྩིས་རྒྱག་དྲ་སྦྲེལ་གྱིས་རྒྱལ་ཡོངས་ཀྱི་ཚད་བརྒལ་རྩིས་རྒྱག་ལྟེ་གནས་མང་པོ་སྦྲེལ་མཐུད་བྱས་ནས་གཞི་གཅིག་ཅན་གྱི་ཚད་བརྒལ་རྩིས་རྒྱག་གི་རྩིས་ནུས་དྲ་རྒྱ་དང་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུ་རེད།
     ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་རྩིས་ནུས་སྒྲིག་ཆས་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད་མོད། འོན་ཀྱང་མི་ཐབས་རིག་ནུས་སོགས་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་ལས་རྩིས་ནུས་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད་པས་རྩིས་ནུས་ལྟེ་གནས་ཀྱིས་ད་ཡོད་ཀྱི་གཉེར་སྐྱོང་རྣམ་པ་རྐྱང་པ་ལས་ངེས་པར་དུ་བརྒལ་དགོས་ཀྱི་ཡོད། 2023ལོའི་ཟླ་4པར། རྒྱལ་ཁབ་ཀྱི་ཚད་བརྒལ་རྩིས་རྒྱག་དྲ་སྦྲེལ་དངོས་སུ་སྐྲུན་འགོ་ཚུགས་ཤིང་། དེའི་དམིགས་ཡུལ་ནི་མཁོ་སྤྲོད་ཕྱོགས་དང་འབྲེལ་བ་དམ་ཟབ་བྱས་ནས་ཁྲོམ་ར་ཅན་གྱི་གཉེར་སྐྱོང་དང་ཞབས་ཞུའི་མ་ལག་བརྒྱུད་རྩིས་ནུས་ཐོན་ཁུངས་སྤྱི་འདོམས་བཀོད་གཏོང་བྱས་ཏེ། གདེད་མའི་ཚན་རིག་གསར་གཏོད་དང་། ལས་གྲྭ་གལ་ཆེན་ཚད་བརྒལ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་དམིགས་ཚད་ལེགས་གྲུབ་པར་འདེགས་སྐྱོར་ནུས་ལྡན་བྱས་ནས་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པའི“མྱུར་བགྲོད་ལམ་བུ”ལྟ་བུར་གྱུར་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཉེར་སྤྱོད་དང་། གྲངས་གཞི། དཔེ་དབྱིབས་སོགས་ཞབས་ཞུའི་ཚོང་དུད་200ལྷག་ཙམ་རྒྱལ་ཁབ་ཀྱི་ཚད་བརྒལ་རྩིས་རྒྱག་དྲ་སྦྲེལ་དུ་བཅའ་སྡོད་བྱས་པ་དང་འབྲེལ། ཚོང་ཟོག་སྣ་ཁ་་3200ལྷག་ཙམ་མཁོ་འདོན་བྱས་ཡོད། ཚོང་ཟོག་དེ་དག་ཚན་རིག་རྩིས་རྒྱག་དང་། བཟོ་ལས་འདྲ་བཟོ། མི་ཐབས་རིག་ནུས་དཔེ་དབྱིབས་སྦྱོང་བརྡར་སོགས་མདུན་གྲལ་གྱི་གྲངས་འཛིན་ཅན་གྱི་གསར་གཏོད་ཁྱབ་ཁོངས་སུ་ཁྱབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་ཐོན་རྩིས་རྒྱག་ཞབས་ཞུའི་དགོས་མཁོ་བསྐངས་ཡོད། བཟོ་ལས་དང་ཆ་འཕྲིན་ཅན་པུའི་མཐོ་གསར་སིའི་འབྲེལ་ཡོད་འགན་འཁུར་བས་རྒྱལ་ཁབ་ཀྱི་ཚད་བརྒལ་རྩིས་རྒྱག་དྲ་སྦྲེལ་དངོས་སུ་སྤྱོད་འགོ་ཚུགས་པ་དེས་མིག་སྔའི་རྩིས་ནུས་འདོན་སྤྲོད་དང་དགོས་མཁོའི་འགལ་བ་ཞི་ལྷོད་དུ་བཏང་ནས་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་སོགས་ལ་འདེགས་སྐྱོར་བརྟན་པོ་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།
     (དབང་སྒྲོན་སྐྱིད་ཀྱིས་བསྒྱུར། བདེ་དབང་གིས་ཞུས)