འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་23ཉིན།

༄༅།།དུས་ཚིགས་དང་པོར་མྱུར་སྐྱེལ་ལས་སྒོའི་ལས་འབོར་ དུས་མཚུངས་ལས་25.2%འཕར་བ།

——རིམ་རྩིས་བརྒྱབ་ན་བསྐུར་མ་དུང་ཕྱུར་371.1བསྐུར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་23ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ● མྱུར་སྐྱེལ་ལས་སྒོའི་ལས་འབོར་རིམ་རྩིས་བརྒྱབ་ན་བསྐུར་མ་དུང་ཕྱུར་371.1བསྐུར་བ་དེ་དུས་མཚུངས་ལས་25.2%འཕར་ཡོད།
     ● མྱུར་སྐྱེལ་ལས་སྒོའི་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་3116.9ཟིན་པ་དེ་དུས་མཚུངས་ལས་17.4%འཕར་ཡོད།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་དུས་ཚིགས་དང་པོའི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་འཁོར་རྒྱུག་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། སྤྱི་ཡོངས་ནས་བལྟས་ན། རང་རྒྱལ་གྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་འཁོར་རྒྱུག་ཤར་གཏོང་བརྟན་པོ་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད་པ་རེད།
     ཁྲོམ་རའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་སོང་ཞིང་། དུས་ཚིགས་དང་པོར་སྦྲག་སྲིད་ལས་རིགས་ཀྱི་བསྐུར་སྐྱེལ་ལས་སྒོའི་ལས་འབོར་རིམ་རྩིས་བརྒྱབ་ན་བསྐུར་མ་དུང་ཕྱུར་417.3ཟིན་པ་དེ་དུས་མཚུངས་ལས་22.1%འཕར་ཡོད་ཅིང་། དེའི་ནང་མྱུར་སྐྱེལ་ལས་སྒོའི་ལས་འབོར་རིམ་རྩིས་བརྒྱབ་ན་བསྐུར་མ་དུང་ཕྱུར་371.1བསྐུར་བ་དེ་དུས་མཚུངས་ལས་25.2%འཕར་ཡོད་པ་རེད།
     ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་རྒྱུན་མཐུད་འཕར་ཞིང་། དུས་ཚིགས་དང་པོར་སྦྲག་སྲིད་ལས་རིགས་ཀྱི་ལས་སྒོའི་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་3943.7ཟིན་པ་དེ་དུས་མཚུངས་ལས་10.7%འཕར་བ་དང་། དེའི་ནང་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་3116.9ཟིན་པ་དེ་དུས་མཚུངས་ལས་17.4%འཕར་ཡོད་པ་རེད།
     དུས་ཚིགས་དང་པོ་དང་ལྷག་པར་དུ་ཟླ་3པར་མྱུར་སྐྱེལ་ཁེ་ལས་ཀྱིས་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་དཔྱིད་དུས་བྲིན་སྐུལ་བྱེད་སྒོར་འདེགས་སྐྱོར་ཧུར་ཐག་བྱས་ནས། དུས་ཚིགས་ཀྱི་སོས་པ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཤིང་། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་བསྐུར་སྐྱེལ་གྱི་དགོས་མཁོ་སྔོག་འདོན་གཏིང་ཟབ་བྱས་ནས་དཔྱིད་ཇ་དང་མེ་ཏོག་སོགས་ཐོན་རྫས་ལ་གཏན་འཁེལ་ཇུས་གཞི་མཁོ་འདོན་བྱས་ཏེ་ལས་སྒོའི་གཞི་ཁྱོན་རྒྱུན་མཐུད་འཕར་རྒྱུར་སྐུལ་འདེད་བཏང་བ་རེད། ཟླ་3པར་མྱུར་སྐྱེལ་ལས་སྒོའི་ལས་འབོར་བསྐུར་མ་དུང་ཕྱུར་138.5བསྐུར་བ་དེ་དུས་མཚུངས་ལས་20.1%འཕར་བ་དང་། མྱུར་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་1128.3ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་13.2%འཕར་ཡོད་པ་རེད།
     ཞབས་ཞུའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་སོང་ཞིང་། ཟླ་3པར། མྱུར་སྐྱེལ་ཞབས་ཞུའི་སྤུས་ཚད་སྟོན་གྲངས་502.8ཟིན་པ་དེ་དུས་མཚུངས་ལས་38.2%འཕར་ཡོད། རྣམ་གྲངས་དབྱེ་བའི་དམིགས་ཚད་ནས་བལྟས་ན། མྱུར་སྐྱེལ་ཞབས་ཞུའི་སྤྱི་དམངས་ཀྱི་བློ་ཡིད་ཚིམ་ཚད་སྐར་མ་83.3ཟིན་པ་དེ་དུས་མཚུངས་ལས་སྐར་མ་3.3འཕར་ཡོད། གཙོ་གནད་ས་ཁུལ་དུ་ཆུ་ཚོད་72ནང་འབྱོར་ཚད་85%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.63འཕར་ཡོད་པ་རེད།
     འཕེལ་རྒྱས་ཀྱི་གྲུབ་ཆ་དེ་ལས་དོ་མཉམ་བྱུང་ཞིང་། དུས་ཚིགས་དང་པོར་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་ལས་འབོར་གྱི་བསྡུར་ཚད་72.8%དང་། 18.6% 8.6%བཅས་སོ་སོར་ཟིན་པ་མ་ཟད། ལས་སྒོའི་ཡོང་འབབ་ཀྱི་བསྡུར་ཚད་74.5%དང་། 15.1% 10.4%བཅས་སོ་སོར་ཟིན་ཡོད། ན་ནིང་གི་དུས་མཚུངས་དང་བསྡུར་ན་དབུས་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་ལས་འབོར་བསྡུར་ཚད་བརྒྱ་ཆའི་གྲངས་1.4དང་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་ཀྱི་བསྡུར་ཚད་བརྒྱ་ཆའི་གྲངས་0.7འཕར་བ་དང་། དེ་བཞིན་ནུབ་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་ལས་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས་0.8དང་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་ཀྱི་བསྡུར་ཚད་བརྒྱ་ཆའི་གྲངས་0.5འཕར་ཡོད་པ་རེད།
     (གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)