འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་23ཉིན།

༄༅།།“ཟས་རིགས་ཆེན་པོའི་ལྟ་བ་འཛུགས་དགོས”

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་23ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲི་ཧྥང་། ཀུའུ་ཀྲུང་དབྱང་། 
     ཟས་ནི་མི་ཡི་འཚོ་རྟེན་ཡིན། མི་འབོར་དུང་ཕྱུར་14ལྷག་ཙམ་གྱི་ལྟོ་ཆས་ཀྱི་གནད་དོན་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཟབ་མོ་གནང་གི་ཡོད། 2023ལོའི་ཟླ་4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས། ལྟོ་ཆས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་ཟས་རིགས་ཆེན་པོའི་ལྟ་བ་འཛུགས་དགོས། སྐམ་ས་ནས་ཟས་རིགས་འཚོལ་དགོས་པ་མ་ཟད། རྒྱ་མཚོ་ནས་ཀྱང་ཟས་རིགས་འཚོལ་དགོས། མཚོ་བཅད་ཉ་གསོས་ནས་མཚོ་ཐོག་གི་འབྲོག་ར་དང“མཚོ་ཐོག་གི་འབྲུ་མཛོད”སྐྲུན་དགོས་ཞེས་གསུངས།
     འདི་ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས། ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་མཐའ་འཁྱོངས་བྱས་ནས་ཁྱད་ལྡན་ཞིང་ལས་དང་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་སྟེ། ཞིང་ལས་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་།
     གང་འདྲ་ཞིག་ལ་ཟས་རིགས་ཆེན་པོའི་ལྟ་བ་ཟེར་རམ།
     2022ལོའི་ཟླ་3པར། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟས་རིགས་ཆེན་པོའི་ལྟ་བ་འཛུགས་པར་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་སྐོང་བ་དང་བསྟུན་ནས་མི་དམངས་མང་ཚོགས་ཀྱི་ཟས་རིགས་གྲུབ་ཆའི་འགྱུར་ལྡོག་གི་འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ། འབྲུ་རིགས་མཁོ་སྤྲོད་འགན་ལེན་བྱེད་པ་དང་ཆབས་ཅིག ཤ་རིགས་དང་། སྔོ་ཚལ། ཤིང་འབྲས། ཆུའི་ཐོན་རྫས་སོགས་ཟས་རིགས་སྣ་ཚོགས་མཁོ་སྤྲོད་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས། དེ་ནས་གཅིག་ཆད་ནའང་འགྲིག་ཐབས་མེད་ཅེས་གསུངས།
     2022ལོའི་ཟླ་12པར། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྟོ་ཆས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཚད་ཡོད་ཀྱི་རྨོ་ཞིང་ཁོ་ནར་ལྡིར་ནས་མི་སྡོད་པར་བསམ་ཕྱོགས་རྒྱ་ཆེར་བཏང་ནས་ཟས་རིགས་ཆེན་པོའི་ལྟ་བ་འཛུགས་དགོས། “ལྟོ་ཆས”ནི་འབྲུ་རིགས་འཛད་སྤྱོད་བྱེད་པ་ཙམ་མ་ཡིན་པར་ཤ་སྒོང་འོ་མ་དང་། ཤིང་ཏོག་ཚལ་ཉ། ཤ་མོའི་རིགས་སོགས་ཚང་མ་ཞིམ་ཟས་ཡིན་ཞེས་སྔར་བས་རྒྱས་བཤད་གནང་ཡོད།
     འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་ལས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཟས་རིགས་ཀྱི་སྣ་མང་རང་བཞིན་དང་འཚོ་བཅུད་སྙོམས་སྒྲིག་ལ་དེ་བས་དོ་སྣང་བྱེད་ཀྱི་ཡོད། བསྡོམས་རྩིས་གྲངས་གཞི་ལས་མངོན་པར། རྒྱལ་ཡོངས་སུ་ཉིན་ལྟར་འབྲུ་རིགས་ཏུན་ཁྲི་70དང་། ཟས་སྣུམ་ཏུན་ཁྲི་9.8 ཚལ་ཏུན་ཁྲི་192 ཤ་ཏུན་ཁྲི་23བཅས་ཟད་གྲོན་བྱེད་ཀྱི་ཡོད། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེས་ཆ་སྙོམས་ལོ་རེར་མ་བཅོས་འབྲུ་རིགས་འཛད་སྤྱོད་བྱེད་ཚད་1978ལོའི་སྤྱི་རྒྱ་248ཙམ་ནས་2022ལོའི་སྤྱི་རྒྱ་130ཙམ་བར་ཆག་ཡོད།
     ཟས་རིགས་འཛད་སྤྱོད་ཀྱི་གྲུབ་ཆར་འགྱུར་ལྡོག་འགྲོ་བ་དང་བསྟུན་པ་དང“གྲོད་པ་རྒྱགས་པ”ནས“ཟས་རིགས་བདེ་ཐང”བར་གྱི་མི་དམངས་མང་ཚོགས་ཀྱི་འཛད་སྤྱོད་རིམ་འཕར་གྱི་དགོས་མཁོ་སྐོང་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཟས་རིགས་ཆེན་པོའི་ལྟ་བ་འཛུགས་པ”ཡི་འགོ་འཛུགས་ས་དང་དོན་ལ་བབས་ས་དེ་ཡིན།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། 2015ལོའི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་ཞིང་ལས་ཆེན་པོ་དང་ཟས་རིགས་ཆེན་པོའི་འདུ་ཤེས་འཛུགས་དགོས་ཞེས་བཏོན་པ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། ཟས་རིགས་ཆེན་པོའི་ལྟ་བ་འཛུགས་པ་དང་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་བཏང་ནས་སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་འཛུགས་དགོས་ཞེས་བཏོན་པ་དང་། དེ་རྗེས་2022ལོའི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག ཟས་རིགས་ཆེན་པོའི་ལྟ་བ་འཛུགས་པ་དང་སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་བསྐྲུན་ཏེ་ཐབས་ལམ་མང་པོ་ནས་ཟས་རིགས་ཀྱི་ཡོང་ཁུངས་གསར་སྤེལ་བྱེད་དགོས་ཞེས་ནན་བཤད་གནང་བའི་བར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཟས་རིགས་ཆེན་པོའི་ལྟ་བའི་རྒྱས་བཤད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་པ་དེ་ཐོག་ནས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕོ་འགྱུར་མངོན་པ་མ་ཟད། གོམ་སྟབས་རྗེས་མའི་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་ཡང་གནང་ཡོད།
     འབྲུ་རིགས་ནི་ཟས་རིགས་ཆེན་པོའི་ལྟ་བའི་རྨང་གཞི་ཡིན།
     འབྲུ་རིགས་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་གནང་སྟེ། “བྱ་བ་མཐའ་དག་ནང་ནས་ལྟོ་ཆས་ནི་གལ་ཆེ་ཤོས་ཡིན” “ཀྲུང་གོ་བའི་ལྟོ་ཕོར་ག་དུས་ཡིན་ཡང་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་དགོས་པ་དང་ལྟོ་ཕོར་ནང་གཙོ་བོ་ཀྲུང་གོའི་འབྲུ་རིགས་བླུགས་དགོས” “འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་བརྟན་པོར་བཟུང་ཚེ། གཞི་ནས་རྒྱལ་ཁབ་སྟོབས་འབྱོར་བསྐྱར་དར་གྱི་རང་འགུལ་དབང་ཆ་བརྟན་པོར་འཛིན་ཐུབ”ཅེས་གསུངས་ཡོད།
     དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ལོ་དགུ་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་བྱུང་སྟེ། འབྲུ་རིགས་བདེ་འཇགས་འགན་སྲུང་བྱ་རྒྱུ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད།
     གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས། མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་ལ། སྔར་བས“གསར་གཏོད”བྱེད་དགོས།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལྟ་འབྲུ་རིགས་བདེ་འཇགས་སྐོར་ཤོད་པ་དེ། དོན་དངོས་ཐོག་ཟས་རིགས་བདེ་འཇགས་ཡོང་བའི་ཆེད་དུ་ཡིན། མི་སེར་གྱི་ཟས་རིགས་དགོས་མཁོ་དེ་བས་སྣ་མང་ཅན་དུ་གྱུར་ཡོད་པས། ང་ཚོས་འདུ་ཤེས་བསྒྱུར་ནས་ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་བཙུགས་ཏེ། རྨོ་ཞིང་རྩྭ་ཐང་ནགས་ཚལ་རྒྱ་མཚོ་དང་རྩི་ཤིང་སྲོག་ཆགས་སྐྱེ་དངོས་ཕྲ་རབ་ནས་དྲོད་དང་སྤྲི་དཀར་བསྡུ་ལེན་བྱས་ཏེ། ཕྱོགས་ཡོངས་དང་ཐབས་མང་གི་སྒོ་ནས་ཟས་རིགས་ཐོན་ཁུངས་གསར་སྤེལ་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་དང་། ཁྲོམ་རའི་དགོས་མཁོ་དང་འཚམ་པ་དང་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་འཚམ་པའི་དེང་རབས་ཞིང་ལས་ཀྱི་ཐོན་སྐྱེད་གྲུབ་ཆ་དང་ས་ཁོངས་བཀོད་པ་ཆགས་པར་བྱེད་དགོས་ཞེས་གསུངས་ཡོད། དེ་ཐོག་ནས་ཟས་རིགས་ཆེན་པོའི་ལྟ་བར“མ་ལག་གི་འདུ་ཤེས”ལྡན་པ་མཚོན་ཡོད་དེ། ཟས་རིགས་ཆེན་པོའི་ལྟ་བས་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་ཟས་རིགས་བདེ་འཇགས་བར་རྒྱ་ཆེར་བཏང་བ་དང་ཆབས་ཅིག བརྒྱུད་རིམ་ལྡན་པའི་སྒོ་ནས“ཟས་རིགས་ཆེན་པོའི”འབྱུང་ཁུངས་གསལ་སྟོན་བྱས་ཡོད།
     ནགས་ཚལ་ནས་ཟས་རིགས་འཚོལ་དགོས། ཧེ་ལུང་ཅང་དབྱི་ཁྲུན་གྲོང་ཁྱེར་མཛའ་གྲོགས་ནགས་ལས་ཅུས་ལན་མའེ་ཐོན་ལས་གླིང་ལ་གཟིགས་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཁྲོམ་རར་ཞིབ་འཇུག་བྱ་རྒྱུར་དོ་སྣང་བྱས་ཏེ་སྣ་མང་གཉེར་སྐྱོང་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས”ཞེས་གསུངས་ཡོད།
     གཙང་པོ་དང་། མཚེའུ། རྒྱ་མཚོ་བཅས་ནས་ཟས་རིགས་འཚོལ་དགོས། ཀོང་ཏུང་ཏུང་ཧའེ་གླིང་ཕྲན་གྱི་རྒྱ་མཚོའི་ཐོན་རྫས་གསོ་སྤེལ་ལ་གཟིགས་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོའི་རྒྱལ་དམངས་ཀྱི་གཟུགས་པོའི་བྱང་ཚད་མཐོ་རུ་གཏོང་བར་ཆུའི་ཐོན་རྫས་འཕེལ་རྒྱས་དང་སྤྲི་དཀར་དངོས་པོ་མང་དུ་གཏོང་རྒྱུ་གལ་འགངས་ཤིན་ཏུ་ཆེ”ཞེས་ནན་བཤད་གནང་ཡོད།
     སྒྲིག་བཀོད་ཞིང་ལས་ནས་ཟས་རིགས་འཚོལ་དགོས། ཅང་ཤིས་ཡུས་ཏུའུ་རྫོང་གི་དྲོད་ཁང་ཆེན་པོའི་སྔོ་ཚལ་ལ་གཟིགས་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་མི་ཚོའི་ལག་ནས་བཟུང་སྟེ“ཏང་ཀྲུང་དབྱང་གིས་ཐབས་བརྒྱ་ཇུས་སྟོང་ངང་མི་སེར་རྣམས་འཚོ་བ་ཡག་པོ་སྐྱེལ་ཐུབ་ན་བསམས་ཀྱི་ཡོད”ཅེས་གསུངས།
     ཟས་རིགས་ཆེན་པོའི་མཁོ་སྤྲོད་འགན་ལེན་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་པོས“སླད་ཕྱིན་ཞིང་ལས་ཐོན་རྫས་མཁོ་སྤྲོད་འགན་ལེན་བྱེད་པར་གྲངས་འབོར་འགན་ལེན་བྱེད་དགོས་ལ། སྣ་མང་དང་སྤུས་ཚད་འགན་ལེན་བྱེད་དགོས”ཞེས་གསུངས་ཡོད། བཟའ་བཅའི་བདེ་འཇགས་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ནན་ཤོས་བཞི”བཏོན་གནང་བ་སྟེ། “ནན་ཤོས་ཀྱི་ཚད་གཞི་དང་། ནན་ཤོས་ཀྱི་ལྟ་འདོམས། ནན་ཤོས་ཀྱི་ཆད་གཅོད། ནན་ཤོས་ཀྱི་འགན་འཁྲི་བདའ་འདེད་བཅས་ཀྱི་ཐོག་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི‘ལྕེ་ཐོག་གི་བདེ་འཇགས’འགན་ལེན་བྱེད་དགོས”ཞེས་གསུངས་ཡོད།
     རྒྱང་ལམ་གསར་པར་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་པ་དང་ཟས་རིགས་ཆེན་པོའི་ལྟ་བ་མི་སེམས་ལ་ཟུག་པ་བརྒྱུད་མི་རྣམས་ཀྱི་གསོལ་ཅོག་ཐོག་གི་ཟས་རིགས་དེ་བས་ཕུན་སུམ་ཇེ་ཚོགས་དང་བདེ་འཇགས་ལྡན་པར་གྱུར་ཡོད།
     (པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)