འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་23ཉིན།

༄༅།།“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཁྲོད་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐོན་རྫས་ལ་གསོན་
ཤུགས་གསར་པ་འཕེལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་23ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    དྭངས་གསལ་དུས་ཚིགས་འདས་ཟིན་པ་དང་བསྟུན་ནས་དྲོ་སྐྱིད་ལྡན་པའི་མཚོ་སྔོན་དུ་ཡུལ་སྐོར་མང་བའི་དུས་ཚིགས་འཆར་ཉེར་ཡོད། འོད་མདངས་རྣམ་པར་བཀྲ་བའི་དངུལ་ཆས་དང་། ཟངས་ཆས། རྒྱན་ཆ། དེ་བཞིན་མཛེས་སྡུག་ལྡན་པའི་བོད་རུམ་འདྲ་མིན་སྣ་ཚོགས་སོགས་དེ་གའི་ཞིང་འབྲོག་ཁུལ་གྱི་གྲོང་ཚོ་དང་གྲོང་ཁྱེར་གྱི་བཟོ་ཁང་ནས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐོན་རྫས་རྒྱུན་ཆད་མེད་པར་ཐོན་སྐྱེད་བྱས་ཏེ“རྒྱུད་གཅིག་ལམ་གཅིག”བརྒྱུད་བྲིན་ཚོང་བྱེད་བཞིན་ཡོད།
    དངུལ་ཆས་དང་ཟངས་ཆས་བཟོ་བའི་ལས་ལ་གཞོལ་ནས་ལོ་30ཙམ་ཟིན་པའི་བཟོ་བོ་ཝང་ཕུའུ་པང་གིས་ཉེ་ཆར་མོང་གོལ་རྒྱལ་ཁབ་ཀྱི་མངགས་ཐོ་ཁག་གཅིག་ལས་དུས་འཕར་མ་བྱས་ནས་ལས་སྣོན་བྱེད་བཞིན་ཡོད་པ་རེད། ཁོང་གིས“འཛད་སྤྱོད་པས་གཏན་འཁེལ་བྱས་པའི་རི་མོ་ལག་བྲིས་རྒྱབ་རྗེས་མེར་བསྲེགས་ནས་མདོག་འདོན་པ་དང་ཐོ་བས་བརྡུངས་ནས་བཟོ་ལྟ་འདོན་གྱི་ཡོད། ཆེ་ཆུང་ལག་པ་དང་འདྲ་བའི་མཆོད་ཀོང་ཞིག་བཟོ་བར་བཟོ་བོ་ཞིག་གིས་ཞོགས་པ་ནས་དགོང་མོའི་བར་ཉིན་གསུམ་བསྟུད་མར་ལས་སྣོན་བྱས་ན་གཞི་ནས་ལེགས་གྲུབ་ཐུབ་ཀྱི་ཡོད”ཅེས་བརྗོད།
    ཧན་དང་ཐང་གི་དུས་སྐབས་སུ་ཀྲུང་གོའི་དམངས་ཁྲོད་སྣོད་ཆས་དར་གོས་ལམ་བུ་བརྒྱུད་ནུབ་ཕྱོགས་ཀྱི་ཨེ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ནུབ་མ། ཐ་ན་ཡོ་རོབ་བཅས་སུ་དབོར་གྱི་ཡོད། ཧ་སག་སི་ཐན་རྒྱལ་ཁབ་རྟེན་མཛོད་ཁང་གི་མཐོ་རིམ་ཞིབ་འཇུག་པ་ལུའུ་སི་ལན·ཏུའུ་དབན་པེ་ཁོའོ་ཕུའུ་ཡིས་གསར་འགོད་པར་ཧ་སག་སི་ཐན་གྱི་ལྷོ་རྒྱུད་གྲོང་ཁྱེར་ཐ་ལཱ་ཚི་དང་ཐུར་ཁེ་སི་ཐན་སོགས་ས་ཁུལ་ནས་དེ་སྔ་ཀྲུང་གོའི་སྣུམ་བཞུ་མང་པོ་སྙེད་པ་ལས་མིག་སྔར་སྣུམ་བཞུ་3རྟེན་མཛོད་ཁང་དེར་བསྒྲིགས་ཡོད་པ་རེད། “སྣུམ་བཞུ་དེ་དག་གི་རྒྱུ་ཆ་སྤུས་ལེགས་ཤིང་སྤྱོད་ཡུན་རིང་བས། བཟོ་རྩལ་ཧ་ཅང་ལེགས་པོ་ཡོད་པ་མངོན་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
    ཝང་ཕུའུ་པང་སྡོད་སའི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་ལུའུ་ཧྲར་གྲོང་རྡལ་དབྱང་ཕོ་གྲོང་ཚོ་ནི་སྐུ་འབུམ་གྱི“དངུལ་ཆས་ཟངས་ཆས་བཟོ་ས་དང་གསེར་གྱི་ལག་རྩལ”གྱི་འབྱུང་གནས་ཤིག་ཡིན། ལོ་ངོ་100ལྷག་ཙམ་གོང་། གྲོང་ཚོ་དེ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་གྲགས་ཅན་སྐུ་འབུམ་བྱམས་པ་གླིང་དང་ཐག་ཉེ་བས་དངུལ་ཆས་དང་ཟངས་ཆས་ཀྱི་བཟོ་བོ་མང་པོ་ཞིག་འདུས་སྡོད་བྱ་ཡུལ་དུ་གྱུར་ཡོད། ཝང་ཕུའུ་པང་གིས“དང་ཐོག་ཆོས་ལུགས་ཀྱི་ཡོ་བྱད་བཟོ་མཁན་ཕྱི་ནས་ཡོང་བའི་རྒྱ་རིགས་ཀྱི་བཟོ་བོ་ཁོ་ན་ཡིན་པ་དང་། ཕྱིས་སུ་ས་གནས་དེ་གའི་རྒྱ་རིགས་དང་། བོད་རིགས། ཧོར་རིགས་བཅས་ཀྱི་མང་ཚོགས་ཀྱང་དེའི་ནང་ཞུགས་ནས་གྲོང་ཚོ་ཚང་མར་བཟོ་ཁང་ཡོད་པས་རིམ་བཞིན་སྐད་གྲགས་ཆོད་པ་རེད”ཅེས་ངོ་སྤྲོད་བྱས།
   སྔོན་ཆད་གྲོང་ཚོའི་བཟོ་ཁང་མང་ཆེ་བ“ཐོན་རྫས་རྐྱང་བཟོ”བྱས་པ་ལས་ཐོན་ལས་ཆགས་མེད་སྟབས་ཐོན་ཚད་དམའ་བ་དང་ཕྱིར་ཚོང་ཁྱབ་ཁོངས་མང་པོ་མེད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱས་ཏེ་གྲོང་ཚོའི་ནང་ས་ཁྱོན་མུའུ་90ལྷག་ཙམ་བཟུང་བའི་མི་རིགས་ལག་ཤེས་བཟོ་རྩལ་གྱི་ལས་སྣོན་རྟེན་གཞི་བསྐྲུན་ནས་ཁག་དང་པོར“མདུན་ལ་ཚོང་ཁང་དང་རྒྱབ་ལ་སྒོ་རའི”རྣམ་པའི་བཟོ་ཁང་30ལྷག་ཙམ་བསྐྲུན་ཡོད། གྲོང་ཚོ་ཡོངས་སུ་དུད་ཚང་400ལྷག་ཙམ་ཡོད་པ་དང་གྲོང་མི་40%ཙམ་གྱིས་མ་རྐང་མཉམ་ལས་ཁང་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་ལ་ཞུགས་པས་ཐོན་རྫས་ཀྱི་སྐད་གྲགས་ཆེ་རུ་ཕྱིན་ནས་ལོ་ལྟར་མོང་གོལ་རྒྱལ་ཁབ་དང་། སིང་ག་ཕོར། རྒྱ་གར་སོགས་རྒྱལ་ཁབ་ཀྱི་མངགས་ཐོ་འབྱོར་གྱི་ཡོད།
    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་གོ་སྐབས་དམ་འཛིན་བྱས་ཏེ་ས་མཐོའི་ཁྱད་ཆོས་ལྡན་པའི་མཚོན་རྟགས་རང་བཞིན་གྱི་ཐོན་རྫས་ཁག་གཅིག་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་པར་བྱས་པ་ལས་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་རུམ་ཚུད་ཡོད་པ་རེད།
    ཀྲུང་གོ་བོད་རུམ་མཐུན་ཚོགས་ཀྱི་དེ་སྔའི་ཚོགས་གཙོ་ཝང་ཅིང་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “དར་གོས་ལྷོ་ལམ”ཞེས་འབོད་པའི་ཐང་བོད་གནའ་ལམ་ནི་ཐང་རྒྱལ་རབས་ནས་བཟུང་ཀྲུང་ཡོན་ནས་མཚོ་སྔོན་དང་བོད་ལྗོངས་དང་། དེ་ནས་ནེ་པ་ལ་དང་རྒྱ་གར་སོགས་སུ་སྐྱོད་སའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་དང་། ཐང་བོད་གནའ་ལམ་བརྒྱུད་བོད་རུམ་རྒྱལ་ཁབ་གཞན་དུ་དར་བ་དང་དར་གོས་ལམ་བུའི་ཐོག་གི་ཚོང་དོན་ཚོང་ཟོག་གལ་ཆེན་གྱི་གྲས་ཤིག་རེད།
    དེ་དང་འདྲ་བར་ཟི་ལིང་དུ་གནས་པའི་ཅ་ཡ་གྲོང་ཚོ་ནི་ཆིང་རྒྱལ་རབས་ཀྱི་དུས་ནས་སྐད་གྲགས་ཆེ་བའི་བོད་རུམ་ཆེད་ལས་གྲོང་ཚོ་ཞིག་རེད། ཅ་ཡ་བོད་རུམ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡང་ཡུང་ཀྲུའུ་ཡིས། ངས་ལོ་13ནས་ཨ་ཕའི་འགྲམ་ནས་བཟོ་སྟངས་སྦྱོང་འགོ་ཚུགས་པ་ཡིན། བོད་རུམ་དེ་ཁྱིམ་ཚང་གི་ལག་ཤེས་བཟོ་ཁང་ནས་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་དང་དེ་ནས་རྩེར་སོན་ཅན་གྱི་བཟོ་སྐྲུན་བྱས་ཏེ་རྒྱལ་སྤྱིའི་གར་སྟེགས་སུ་གཟི་འོད་འཚེར་བའི་བརྒྱུད་རིམ་ལ་དཔང་པོ་ཐུབ་པར་སྤོབས་པ་སྐྱེ་གི་འདུག་ཅེས་བརྗོད།
    2004ལོར། ཀྲུང་གོའི(མཚོ་སྔོན)བོད་རུམ་རྒྱལ་སྤྱིའི་འགྲེམས་སྟོན་འདུ་ཚོགས་གཉེར་འགོ་ཚུགས་པ་དང་། ཡང་ཡུང་ཀྲུའུ་ཡིས་ཡུལ་དངོས་སུ་བོད་རུམ་གྱི་ལག་ཤེས་བཟོ་རྩལ་ཕུལ་བྱུང་འགྲེམས་སྟོན་བྱས་པ་རེད། 2006ལོར་། ཅ་ཡ་བོད་རུམ་ལག་ཤེས་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་གྲས་སུ་ཚུད། ཕྱིས་སུ་ཡང་ཡུང་ཀྲུའུ་ཡིས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་སློབ་དཔོན་གྱི་ངོས་ནས་བོད་རུམ་ཁེ་ལས་གྲགས་ཅན་ཧྲེང་ཡོན་ས་གདན་ཚོགས་པར་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་རོགས་བྱས་པ་རེད།
    ཁེ་ལས་དེའི་འཁོར་ཁང་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་པ་དང་བཟོ་བོ་རྣམས་བྲེལ་བརྩོན་ཆེ་ཞིང་། ཚོན་མདངས་རྣམ་པར་བཀྲ་བའི་ས་གདན་རིགས་གནས་དེ་ནས་འཛམ་གླིང་གི་ཡུལ་ལུང་ཁག་ཏུ་རྒྱུན་ཆད་མེད་པར་འཚོང་བཞིན་ཡོད། ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་གཉིས་རིང་འཁོར་ཁང་དུ་ཐོན་སྐྱེད་མང་པོ་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་དགོས་མཁོ་སྐོང་བཞིན་ཡོད་ཅིང་། ད་ཆ་ཐོན་རྫས་རྣམས་རྒྱང་ཐག་རིང་བའི་སོ་ཏི་ཨ་རབ་དང་། ཨུ་རུ་སུ། ཕོ་ལན། ཧང་ག་རི་སོགས་རྒྱལ་ཁབ་ཏུ་ཕྱིར་འཚོང་བྱེད་ཀྱི་ཡོད་པ་རེད།
    ཧྲེང་ཡོན་ས་གདན་ཚོགས་པའི་ཏུང་ཧྲི་ཀྲང་ཞུའེ་ཐིང་གིས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་དང་ས་ཁུལ་གྱི་དམངས་ཚོགས་ཁྲོད་ས་གདན་སྤྱོད་པའི་གོམས་གཤིས་ཡོད་པས་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། “ང་ཚོས་བོད་རུམ་གྱི་རིག་གནས་འཛམ་གླིང་ཡོངས་ལ་ཁྱབ་གདལ་གཏོང་བར་ཐོག་མཐའ་བར་གསུམ་དུ་གཞོལ་བཞིན་ཡོད་པ་དང་། དུས་མཚུངས་སུ་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དེར་སྐྱེ་སྟོབས་གསར་པ་ཇི་ལྟར་འཕེལ་བར་འཚོལ་ཞིབ་ཟམ་མི་ཆད་པར་བྱེད་ཀྱི་ཡོད”ཅེས་བརྗོད།
   (ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཟི་ལིང་དང་ཨ་སི་ཐ་ན་ནས་ཟླ་4ཚེས་19ཉིན་འབྱོར་བའི་གློག་འཕྲིན)