འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་22ཉིན།

༄༅།།རྒྱ་གར་གྱི་འདེམས་བསྐོ་ཆེན་པོ་འགོ་ཚུགས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་22ཉིན། 16:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ས་གནས་དེ་གའི་དུས་ཚོད་ཚེས་19ཉིན་གྱི་སྔ་དྲོའི་ཆུ་ཚོད་7ཐོག རྒྱ་གར་མི་དམངས་གྲོས་ཁང་(གྲོས་ཚོགས་ཀྱི་གྲོས་ཁང་འོག་མ་)གི་འདེམས་བསྐོའི་དུས་མཚམས་དང་པོའི་འདེམས་ཤོག་འཕེན་འགོ་ཚུགས་པ་རེད། 
《རྒྱ་གར་སི་ཐན་སྐབས་དོན་ཚགས་པར》དང་རྒྱ་གར་འདེམས་བསྐོ་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་བའི་གནས་འཕྲིན་ཕྱོགས་བསྡུས་བྱས་ན། དུས་མཚམས་དང་པོའི་འདེམས་ཤོག་འཕེན་རྒྱུ་དེ་རྒྱ་གར་གྱི་མ་ཧ་ལ་ཧྲི་ཐེ་ལ་མངའ་སྡེའི་དང་། བྷང་ག་ལ་ནུབ་མའི་མངའ་སྡེ། བྱང་ཕྱོགས་མངའ་སྡེ་སོགས་ས་ཁུལ་མང་པོ་ཞིག་ལ་ཁྱབ་ཡོད་པ་རེད། དུས་མཚམས་དེའི་ནང་འདེམས་ཤོག་འཕེན་ས་ཁྲི་18.7དུ་དུས་གཅིག་ཏུ་སྤེལ་རྒྱུ་ཡིན་པ་དང་། འདེམས་དམངས་དུང་ཕྱུར་1.66ཙམ་དེའི་ནང་ཞུགས་ཡོད་པ་རེད། 
རྒྱ་གར་འདེམས་བསྐོ་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་བའི་ཐོག་ཡོངས་བསྒྲགས་བྱས་པའི་ཉིན་རེའི་ལས་རིམ་ལ་གཞིགས་ན། ད་ཐེངས་ཀྱི་འདེམས་བསྐོ་ཆེ་མོ་དེ་ཟླ་4ཚེས་19ཉིན་ནས་ཟླ་6ཚེས་1ཉིན་བར་དུས་མཚམས་7ལ་དབྱེ་ནས་སྤེལ་རྒྱུ་ཡིན་པ་རེད། འདེམས་ཤོག་འཕེན་འབྲས་ཟླ་6ཚེས་4ཉིན་བསྡོམས་རྩིས་བྱ་རྒྱུ་རེད། 
   ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ད་ཐེངས་ཀྱི་འདེམས་བསྐོ་དེ་གཙོ་བོ་སྲིད་སྐྱོང་ཏང་རྒྱ་གར་མི་དམངས་ཏང་གིས་སྣེ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོའི་མནའ་འབྲེལ་དང་རྒྱ་གར་རྒྱལ་དམངས་ཚོགས་ཆེན་ཏང་གིས་གཙོས་པའི་ངོ་རྒོལ་ཏང་གི་འདེམས་བསྐོའི་མནའ་འབྲེལ་གྱི“རྒྱ་གར་རྒྱལ་ཁབ་འཕེལ་རྒྱས་བསྟུན་མཁས་རང་བཞིན་མནའ་འབྲེལ་” གྱིབར་སྤེལ་རྒྱུ་རེད། 
   རྒྱ་གར་གྱི་ཙུང་ལི་མོ་ཏི་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་འདེམས་དམངས་ལ་འདེམས་ཤོག་འཕེན་རྒྱུའི་རེ་འབོད་བྱས་པ་རེད།
    རྒྱ་གར་ནི་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། དབྱི་ཧུའེ་གྲོས་ཚོགས་ལ་གྲོས་ཁང་གཉིས་ཀྱི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་ཅིང་། དེ་ནི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་(གྲོས་ཚོགས་ཀྱི་གྲོས་ཁང་གོང་མ)དང་མི་དམངས་གྲོས་ཁང་(གྲོས་ཚོགས་ཀྱི་གྲོས་ཁང་འོག་མ་)གཉིས་སུ་དབྱེ་ཡོད། རྒྱ་གར་གྱི་འདེམས་བསྐོ་ཆེ་མོ་ཞེས་པ་ནི་མི་དམངས་གྲོས་ཁང་སྟེ་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་འདེམས་བསྐོ་ལ་ཟེར། རྒྱ་གར་མི་དམངས་གྲོས་ཁང་ལ་གདན་ཐོབ་545ཡོད་པ་དང་། གདན་ཐོབ་2ནི་ཙུང་ཐུང་གིས་བསྐོ་གཞག་བྱ་རྒྱུ་ཕུད། དེ་བྱིངས་ཀྱི་གདན་ཐོབ་543འདེམས་བསྐོ་བྱས་པ་བརྒྱུད་དེ་ཐོན་པ་རེད། མི་དམངས་གྲོས་ཁང་གི་འདེམས་བསྐོ་ལོ་ལྔ་རེར་ཐེངས་རེ་བྱེད་ཀྱི་ཡོད། འདེམས་བསྐོའི་ཁྲོད་གདན་ཐོབ་མང་ཆེ་བ་ཐོབ་པའི་སྲིད་ཏང་ངམ་སྲིད་ཏང་མནའ་འབྲེལ་ལ་ནང་བློན་ཁང་འཛུགས་དབང་ཡོད།