འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་21ཉིན།

༄༅།།ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་2024ལོའི་དུས་ཚིགས་དང་པོའི“ཀྲུང་གོའི་མི་བཟང་མིང་ཐོ”ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་21ཉིན། 11:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། 2024ལོའི་དུས་ཚིགས་དང་པོའི“ཀྲུང་གོའི་མི་བཟང་མིང་ཐོ”ཡོངས་བསྒྲགས་མཛད་སྒོ་དང་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དང་ཉེ་འགྲམ་གྱི་མི་བཟང་གི་ས་གནས་ས་ཐོག་གི་སྤེལ་རེས་བྱེད་སྒོ་ཅང་ཤིས་ཞིང་ཆེན་ཅིའུ་ཅང་གྲོང་ཁྱེར་དུ་གཉེར་བ་རེད། ས་གནས་ཁག་གིས་འོས་སྦྱོར་དང་། དྲ་གྲོགས་ཀྱིས་དཔྱད་མོལ། རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད་སོགས་ཀྱི་ལྷུ་ཚིགས་བརྒྱུད། གཞན་ཕན་སྒྲུབ་པར་དགའ་བ་དང་། བདེན་པའི་རྒྱབ་ལངས། གཞུང་དྲང་དང་ཁ་དན་ཚིག་གནས། ལས་བཀུར་སྐྱེས་འབུལ། རྒན་པར་སྲི་ཞུ་དང་གཉེན་ལ་གཅེས་སྐྱོང་བཅས་བྱེད་མཁན་གྱི་ཉེ་འགྲམ་གྱི་མི་བཟང་152(ཚོགས་ཆུང)གཟི་བརྗིད་མིང་ཐོའི་ནང་ཚུད་པ་རེད།
     མིང་ཐོའི་ནང་ཚུད་པའི་མི་བཟང་ནང་རི་རྩེའི་མེ་སྐྱོན་གསོད་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་དམག་ཞབས་ཐིམ་པའི་དམག་མི་ཏེང་ཕུའུ་དང་། འོས་འགན་འཁུར་ནས་ལོ་16རིང་གཉེན་ཉེ་འཚོལ་རོགས་བྱས་ཏེ་ཁྱིམ་ཚང་254བསྐྱར་དུ་ལྷན་འཛོམས་ཡོང་བ་བྱེད་མཁན་གཞི་རིམ་མི་དམངས་ཉེན་རྟོག་པ་ཧྲང་ཁྲའོ་དབྱང་། ལོ་38རིང་ཤིང་འཛུགས་ནགས་བཟོ་བྱས་ནས་ཐང་རྒོད་མུའུ་900ལྷག་ཙམ་སྔོ་ལྗང་ཅན་དུ་སྒྱུར་བ་བྱེད་མཁན་ལོ་བརྒྱད་ཅུ་ཟིན་པའི་བགྲེས་སོང་ཝང་ཤན་ཀྲི། ལས་གནས་ཐོག་རང་སྲོག་ཤོར་ནས་གུང་ཁྲན་ཏང་ཡོན་གྱི་འགན་འཁྲི་དང་ལས་འགན་འཁུར་ཕོད་པ་མཚོན་མཁན་ལས་བྱེད་པ་བཟང་པོ་ཏུའུ་ཀང་། བློ་ཐག་ཆོད་པོས་མཆིན་པ་ཞལ་འདེབས་སུ་ཕུལ་ནས་ཨ་མ་སྐྱོབ་པ་དང་ཨ་མའི་ཚེ་མཇུག་ལ་བརྩེ་བའི་སྲི་ཞུ་སྒྲུབ་མཁན་00ནང་སྐྱེས་ཀྱི་ཕོ་གཞོན་ཝང་ཡུས་ཕུང་སོགས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས“ཀྲུང་གོའི་མི་བཟང”གི་རྩ་ཆེའི་བསམ་པའི་གཤིས་རྒྱུད་མཚོན་པར་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་སྤྱོད་བཟང་ལག་ལེན་བསྟར་བ་རེད།
     བྱེད་སྒོ་ཐད་གཏོང་བྱ་ཡུལ་དུ། “ཀྲུང་གོའི་མི་བཟང”མིང་ཐོར་ཚུད་མཁན་ཚོས་བབ་ཆགས་པའི་སྐད་ཆ་དང་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བས་རང་ཉིད་ཀྱི་མྱོང་བརྒྱུད་ལོངས་སུ་སྤྱད་ཡོད། ཧྥུའུ་ཅན་ཞིང་ཆེན་ཉིང་ཏེ་གྲོང་ཁྱེར་གྱི་གསར་བརྗེའི་འགྲེལ་བཤད་པ་ལིའུ་མིང་ཧྭ་ཡིས་ཐེངས་6000ལྷག་ཙམ་དང་ཉན་མཁན་མི་ཐེངས་ཁྲི་5ལྷག་ཙམ་ཟིན་པའི་སྒྲོག་འགྲེལ་བརྒྱུད་རིམ་ཕྱིར་དྲན་བྱས་པ། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཞ་འཁུམས་ཀྱི་ནད་ཕོག་པའི་གསོས་ཕྲུག་བུ་མོ་དང་། ན་ཚ་ཡོད་པའི་བཟའ་ཟླ། ལོ་ན་མཐོ་བའི་སྒྱུག་མོ་བཅས་ལ་ལྟ་རྟོག་བྱེད་པའི་ཐད“ཨ་མ་བཟང་པོ”ཁྲེང་ཧུང་ཤ་ཡིས་བརྩེ་བ་ཟབ་མོས་ཁྱིམ་མི་ཡོངས་ལ་ལྟ་རྟོག་བྱེད་ཀྱི་ཡོད། “ངས་རླབས་ཆེན་གྱི་བྱ་གཞག་གང་ཡང་བསྒྲུབས་མེད། རྒྱུན་གཏན་གྱི་འཚོ་བའི་ཁྲོད་བརྩེ་བ་ཟབ་མོས་ཁྱིམ་མིར་ལྟ་སྐྱོང་བྱས་ཏེ་སེམས་ཤུགས་ཡོད་རྒུས་ལས་ཀ་ཚང་མ་ལེགས་པར་བསྒྲུབས་པ་ཙམ་ཡིན”ཞེས་གསུང་མ་ཐག་ཡུལ་དངོས་ཀྱི་ལྟད་མོ་བ་ཚོས་ཐལ་མོ་ཡང་ཡང་བརྡབས་ནས་མི་བཟང་ལ་གུས་འདུད་ཞུས་པ་མཚོན།
     ད་ཐེངས་ཀྱི་ཡོངས་བསྒྲགས་བྱེད་སྒོ་དེ་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་གཙོ་གཉེར་དང་། ཀྲུང་གོ་བསམ་པའི་དཔལ་ཡོན་དྲ་བ་དང་། གློག་བརྙན་འཕྲིན་ལམ་ལེ་ཚན་ལྟེ་གནས། ཀྲུང་གུང་ཅང་ཤིས་ཞིང་ཨུད་དྲིལ་བསྒྲགས་པུའུ། ཅང་ཤིས་ཞིང་ཆེན་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་བཅས་ཀྱིས་སྒྲུབ་འགན་ཁུར་བ། ཀྲུང་གུང་ཅིའུ་ཅང་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་ཅིའུ་ཅང་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་རོགས་གཉེར་བཅས་བྱས་ཡོད།
     (དབང་སྒྲོན་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དབང་མོས་ཞུས)