འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་21ཉིན།

༄༅།།དུས་ཚིགས་དང་པོར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་9.8%འཕར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་21ཉིན། 11:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་19ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་3པར། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་7942ཟིན་པ་དེ་དུས་མཚུངས་ལས་7.4%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ཚེ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་7%དང་། 4.9% 11.6%བཅས་སོ་སོར་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་དུས་མཚུངས་ལས་15.8%འཕར་ཡོད།
     དུས་ཚིགས་དང་པོར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་23373ཟིན་པ་དེ་དུས་མཚུངས་ལས་9.8%འཕར་བ་དང་། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ལ་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་22372ཟིན་ཡོད། ཐོན་ལས་དབྱེ་ནས་བལྟས་ཚེ། ཐོན་ལས་དང་པོའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་288ཟིན་པ་དེ་དུས་མཚུངས་ལས་9.7%འཕར་བ་དང་། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་15056ཟིན་པ་དེ་དུས་མཚུངས་ལས་8%འཕར་བ། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་4235ཟིན་པ་དེ་དུས་མཚུངས་ལས་14.3%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་3794ཟིན་པ་དེ་དུས་མཚུངས་ལས་12%བཅས་འཕར་ཡོད།
     དུས་ཚིགས་དང་པོར་བཟོ་ལས་ཐོན་སྐྱེད་བརྟན་ཐོག་ཡར་འཕེལ་བྱུང་བ་དང་ཐོན་སྐྱེད་ནུས་ཤུགས་གསར་མས་ཕྱོགས་སྒྱུར་རིམ་སྤོར་ལ་སྣེ་ཁྲིད་བྱས་པས་འབྲེལ་ཡོད་ལས་རིགས་ཀྱི་གློག་སྤྱོད་ཚད་ཅུང་མགྱོགས་པོ་འཕར་བར་སྐུལ་ཁྲིད་ཐུབ་ཡོད། ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོར་ལག་རྩལ་མཐོ་བ་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་14.5%འཕར་ཡོད། འཛད་སྤྱོད་དངོས་རྫས་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་10.3%འཕར་ཡོད། ནུས་གྲོན་ཆེ་བའི་ལས་རིགས་ཆེ་གྲས་བཞིའི་གློག་སྤྱོད་ཚད་དུས་མཚུངས་ལས་3.4%འཕར་བ་དང་། འཕར་ཚད་ལོ་གོང་མའི་དུས་མཚུངས་དང་དེ་བཞིན་ལོ་གོང་མའི་དུས་ཚིགས་བཞི་པའི་འཕར་ཚད་ལས་ཅུང་ཆག་ཡོད།
     ཞབས་ཞུའི་ལས་རིགས་ཀྱི་དཔལ་འབྱོར་བརྟན་ཐོག་ལེགས་སྒྱུར་བྱུང་བ་དང་། རྣམ་པ་གསར་པ་དང་ལས་རྣམ་གསར་པས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད། དྲ་ཐོག་དང་དྲ་ཕྱིའི་འཛད་སྤྱོད་མཉམ་འདྲེས་གཏིང་ཟབ་ཐུབ་པ་སོགས་ཀྱི་རྒྱུ་རྐྱེན་ལས་ཐོན་ལས་གསུམ་པའི་གློག་སྤྱོད་ཚད་མགྱོགས་མྱུར་འཕར་ཚུལ་རྒྱུན་འཁྱོངས་བྱེད་པར་སྐུལ་ཁྲིད་ཐུབ་ཡོད། དུས་ཚིགས་དང་པོར་སྡེབ་ཚོང་དང་སིལ་ཚོང་ལས་རིགས་དང་། བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས། ཞག་སྡོད་དང་བཟའ་བཏུང་ལས་རིགས་བཅས་ཀྱི་གློག་སྤྱོད་ཚད་འཕར་ཚད་15%ལས་བརྒལ་ཡོད། གློག་སྒུལ་རླངས་འཁོར་འཕེལ་རྒྱས་མགྱོགས་པོ་ཕྱིན་པས་དུས་ཚིགས་དང་པོར་གློག་གསོག་དང་གློག་བརྗེའི་ཞབས་ཞུའི་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་70.1%འཕར་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད། (ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། ལྷག་དབང་གིས་ཞུས)