འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་20ཉིན།

༄༅།།སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་གཟིགས་བཅའ་སྡོད་བྱས་ཟིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་20ཉིན། 12:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་18ཉིན་གློག་འཕྲིན་འབྱོར་གསལ། སྐོར་ཞིབ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་4ཚེས་17ཉིན་བར། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་གཟིགས་བཅའ་སྡོད་བྱས་ཟིན་ཡོད་། སྐོར་གཟིགས་ཚོགས་ཆུང་15ཡིས་དཔལ་འབྱོར་ལས་དོན་སྡེ་ཚན་དང་དངུལ་རྩའི་ཚན་པ་34ལ་རྒྱུན་གཏན་གྱི་སྐོར་གཟིགས་བྱེད་རྒྱུ་ཡིན་པ་རེད།
     སྐོར་གཟིགས་བྱ་ཡུལ་ལས་ཁུངས་ཀྱིས་སྐོར་གཟིགས་བཅའ་སྡོད་ཀྱི་སྐུལ་སློང་ཚོགས་འདུ་སོ་སོར་འཚོགས་པ་རེད། ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་སྐུལ་སློང་གསུང་བཤད་གནང་ནས། སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྐོར་གཟིགས་ལས་དོན་ཏན་ཏིག་སྤེལ་བར་བླང་བྱ་བཏོན་པ་རེད།
     ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་དཔལ་འབྱོར་ལས་དོན་སྡེ་ཚན་དང་དངུལ་རྩའི་ཚན་པར་སྐོར་གཟིགས་བྱེད་པའི་གཙོ་གནད་ལ་སྟངས་འཛིན་ཡང་དག་བྱས་ནས་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ། འགན་ནུས་ཀྱི་འགན་འཁྲི་སྒྲུབ་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བ། གཏིང་ཟབ་པའི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྤྱི་འདོམས་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། འགོ་ཁྲིད་ཚན་པ་དང་། ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་ནོར་འཛོལ་འཚོལ་ཞིབ་གཏིང་ཟབ་བྱེད་པ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྐོར་གཟིགས་དང་རྩིས་བཤེར་སོགས་ཀྱི་ལྟ་སྐུལ་བྱེད་སྐབས་ཐོན་པའི་གནད་དོན་དག་ཐེར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་དག་ཐེར་གྱི་འགན་འཁྲི་ལག་བསྟར་དང་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་དང་ཕན་འབྲས་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ཁྲལ་སེལ་སླ་བཅོས་ཀྱི་དག་ཐེར་དང་དག་ཐེར་རྫུན་མ་སོགས་ཀྱི་གནད་དོན་གཙོ་གནད་ཐོག་བཙལ་ནས་དག་ཐེར་ལ་ཤུགས་སྣོན་རྒྱག་པའི་བརྡ་རྟགས་མུ་མཐུད་མངོན་གསལ་དོད་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
     སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོས་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པ། རང་འགུལ་ངང་སྐོར་གཟིགས་ལ་གཞོགས་འདེགས་བྱེད་པ། དག་ཐེར་ལ་དམ་འཛིན་ནན་ཏན་བྱེད་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་15ཡིས་སྐོར་གཟིགས་བྱ་ཡུལ་ཚན་པར་ལས་ཀ་ཟླ་བ་གསུམ་ཙམ་བྱ་རྒྱུ་ཡིན་ཞིང་། དེའི་རིང་ཆེད་མངགས་སྡོད་བྱའི་ཁ་པར་དང་སྦྲག་སྲིད་ཡིག་སྒམ་བཙུགས་ནས་གཙོ་བོ་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི་དང་། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ་དང་ལས་གནས་གཙོ་བོའི་མི་སྣའི་གནད་དོན་ཐད་བཏང་བའི་འཕྲིན་ཡིག་དང་ཁ་པར་ལ་བདག་སྤྲོད་བྱ་རྒྱུ་དང་། གཙོ་གནད་ནི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་འགལ་བའི་སྐོར་དང་དེ་བཞིན་སྐོར་གཟིགས་དག་ཐེར་སོགས་ཐད་ཀྱི་གནད་དོན་སྙན་སེང་ཡིན་པ་རེད། སྐོར་གཟིགས་ཚོགས་ཆུང་གིས་ཡིག་འབུལ་ཞུ་བཅར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་2024ལོའི་ཟླ་7ཚེས་12ཉིན་བར་ཡིན་པ་རེད།
     (བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)