འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་19ཉིན།

༄༅།།རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་བསྐྱར་འཕར་བྱུང་ཞིང་འགོ་ཡག་པོ་ཚུགས་པ།

——དུས་ཚིགས་དང་པོའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་5.3%འཕར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་19ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཞིབ་རྩིས་རགས་ཙམ་བརྒྱབ་པར། དུས་ཚིགས་དང་པོའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་296299ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས་5.3%འཕར་བ་དང་ལོ་གོང་མའི་དུས་ཚིགས་བཞི་པ་དང་ཟླ་བསྡུར་བྱས་ན་1.6%འཕར་ནས་རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་བསྐྱར་འཕར་བྱུང་ཞིང་འགོ་ཡག་པོའང་ཚུགས་ཡོད།
     དུས་ཚིགས་དང་པོར། རྒྱལ་དམངས་དཔལ་འབྱོར་སྤྱི་ཡོངས་ནས་ན་ནིང་ཚུན་གྱི་འཕེལ་ཚུལ་ལེགས་པའི་རྣམ་པ་རྒྱུན་འཁྱོངས་ཏེ་ཐོན་སྐྱེད་དགོས་མཁོའི་དམིགས་ཚད་གཙོ་བོ་བརྟན་ཐོག་འཕར་ཡོད། ཐོན་སྐྱེད་ཕྱོགས་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་དུས་མཚུངས་ལས་3.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་དུས་མཚུངས་ལས་6%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་6.1%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་དུས་མཚུངས་ལས་5%འཕར་བ། ཞག་སྡོད་བཟའ་བཏུང་དང་འགྲིམ་འགྲུལ་ཡུལ་སྐོར་སོགས་ཞབས་ཞུའི་ལས་རིགས་མུ་མཐུད་མགྱོགས་ཙམ་འཕར་ཡོད། དགོས་མཁོའི་ཕྱོགས་ནས་བལྟས་ན། མ་འཇོག་དང་། འཛད་སྤྱོད། ཕྱིར་གཏོང་ནང་འདྲེན་སོགས་ཀྱི་དམིགས་ཚད་འཕར་ཚུལ་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་འཕར་ཡོད། དུས་ཚིགས་དང་པོར། རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་ཚད(ཞིང་དུད་ཚུད་མེད)དུས་མཚུངས་ལས་4.5%འཕར་བ་དེ་ལོ་གོང་མའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་1.5མགྱོགས་སུ་ཕྱིན་པ་དང་། སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་4.7%འཕར་བ། ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་དུས་མཚུངས་ལས་5%འཕར་ཞིང་། འཕར་ཚད་དེས་དུས་ཚིགས་6རིང་གི་ཟིན་ཐོ་གསར་པ་བཏོད་ཡོད།
     དུས་ཚིགས་དང་པོར་གསར་གཏོད་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་ནས་གཞི་ཁྱོན་ཡན་གྱི་རྩལ་མཐོའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་7.5%འཕར་བ་དེ། ལོ་གོང་མའི་དུས་ཚིགས་བཞི་པ་ལས་བརྒྱ་ཆའི་གྲངས་2.6མགྱོགས་སུ་ཕྱིན་པ་དང་། ཐོན་ལས་ཀྱི་གྲུབ་ཆ་དང་དགོས་མཁོའི་གྲུབ་ཆ་མུ་མཐུད་ལེགས་སུ་ཕྱིན་ནས་ནང་མཁོས་དཔལ་འབྱོར་འཕར་བར་བྱས་རྗེས་འཇོག་ཚད་85.5%ཟིན་པ། ལྗང་མདོག་འཕེལ་རྒྱས་ཐད། ཚན་པའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་རྒྱུ་ཟད་གྲོན་དུས་མཚུངས་ལས་0.1%ཆག་པ། གྲོང་མིའི་ཡོང་འབབ་ཐད། རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11539ཟིན་པའི་ཁྲོད་ནས་རིན་གོང་གི་རྒྱུ་རྐྱེན་འཐེན་ན་6.2%དངོས་སུ་འཕར་ཡོད་པ་རེད།
     (དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)