འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་19ཉིན།

༄༅།།བོད་ཀྱིས་ཁྲག་ཐོན་སླ་བའི་ནད་ཀྱི་སྒོ་བསྟེན་སྨན་ཁང་ཐོག་མ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་19ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ནད་པའི་སྨན་བཅོས་ཀྱི་དགོས་མཁོ་སྐོང་བ་དང་ཕྲུ་གུ་ནད་པ་སྨན་ཁང་དུ་སྨན་བཅོས་བྱེད་སྐབས་ཀྱི་ཉམས་ལེན་ལེགས་སུ་གཏོང་ཆེད། ད་ལོ་བོད་རང་སྐྱོང་ལྗོངས་ཀྱི་ཁྲག་ཐོན་སླ་བའི་ནད་ཀྱི་སྒོ་བསྟེན་སྨན་ཁང་ཐོག་མ་དེ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་དངོས་སུ་བཙུགས་ཏེ། ཁྲག་ཐོན་སླ་བའི་ཕྲུ་གུ་ནད་པར་ཕྱོགས་བསྡུས་དང་གནད་སྨིན་གྱི་བརྟག་དཔྱད་དང་སྨན་བཅོས་ཀྱི་ཞབས་འདེགས་ཞུས་ཤིང་། མིག་སྔར་ཐོ་འགོད་ཟིན་པའི་ཕྲུ་གུ་ནད་པ་27ཡོད་པ་རེད།
   རང་སྐྱོང་ལྗོངས་མི་དམངས་སྨན་ཁང་བྱིས་ནད་ཚན་ཁག་གི་ཁྲག་ཐོན་སླ་བའི་ནད་ཀྱི་ཆེད་ཚན་སྒོ་བསྟེན་སྨན་ཁང་གིས་ཟླ་རེའི་གཟའ་འཁོར་དང་པོའི་རེས་གཟའ་མིག་དམར་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྒོ་བསྟེན་སྨན་ཁང་གི་བརྟག་བཅོས་ཁང་བཞི་པར་ནད་གཞི་ལྟ་གི་ཡོད་པ་རེད།
   ཤེས་རྟོགས་བྱུང་བ་ལྟར་ན། ཁྲག་ཐོན་སླ་བའི་ནད་ནི་རྒྱུད་ཁྲིད་རང་བཞིན་གྱི་ཁྲག་འཁེངས་ནུས་པ་ཉམས་པ་ལས་བྱུང་བའི་ཁྲག་ཐོན་པའི་ནད་རིགས་ཤིག་ཡིན་པ་དང་། ནད་གཞི་དེ་ཕོག་ཚད་ནི་མི་ལྔ་སྟོང་ནས་ཁྲི་གཅིག་བར་ནད་གཞི་ཕོག་མཁན་གཅིག་ཐོན་གྱི་ཡོད་པ་དང་། རང་རྒྱལ་དུ་ཁྲག་ཐོན་སླ་བའི་ནད་པ་ཁྲི་10ལྷག་ཙམ་ཡོད།
   རང་སྐྱོང་ལྗོངས་མི་དམངས་སྨན་ཁང་བྱིས་ནད་ཚན་ཁག་གི་སྨན་པ་སྒྲོལ་དཀར་གཞོན་པས“ཁྲག་ཐོན་སླ་བའི་ནད་ནི་ཚེ་གང་རིང་སྨན་བཅོས་བྱེད་དགོས་པའི་གཅོང་ནད་ཅིག་རེད། ཟུངས་ཁྲག་འཁེངས་རྩི་ཚབ་བརྗེའི་སྨན་བཅོས་ནི་ཁྲག་འཁེངས་དང་ཁྲག་ཐོན་རྒྱུ་སྔོན་འགོག་བྱེད་པའི་བྱེད་ཐབས་གོ་ཆོད་ཤོས་ཤིག་རེད” ཁྲག་ཐོན་སླ་བའི་ནད་པར་དོས་དྲག་གི་ཁྲག་ཐོན་སྐབས། དུས་ཐོག་ཏུ་ཐག་ཉེ་སར་ཆེད་ལས་ཀྱི་སྐྱོབ་བཅོས་བྱེད་དགོས་པ་མ་ཟད། RICE(བསིལ་དུགས་དང་། བཀག་གཏོང་། མཐོར་འདེགས། གནོན་བཙིར)རྩ་དོན་མཐའ་འཁྱོངས་ཀྱིས་རང་སྐྱོབ་བྱེད་པ་དང་དུས་མཚུངས་སུ། སྨན་ཁང་དུ་བསྐྱོད་ནས་ཟུངས་ཁྲག་འཁེངས་རྩི་ཁ་གསབ་བྱེད་དགོས། ཁྲག་ཐོན་སླ་བའི་ནད་ཀྱི་བཅོས་ཐབས་ཡག་ཤོས་ནི་སྔོན་འགོག་དང་སྨན་བཅོས་ཡིན་པས། ཐོག་མ་ཉིད་ནས་དུས་གཏན་འཁེལ་གྱིས་རྒྱུན་མཐུད་དང་ཚད་ལྡན་གྱི་སྨན་བཅོས་བྱེད་པ་ནི་གལ་ཆེན་པོ་ཞིག་རེད་ཅེས་བརྗོད་པ་རེད།