འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།ཨ་རིས་དོན་འདིའི་ཐད་ཀྲུང་གོར་བརྟག་དཔྱད་བྱ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་18ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཨ་རིའི་དུས་ཚོད་ཟླ་4ཚེས་17ཉིན། ཨ་རིའི་ཉོ་ཚོང་འཐུས་ཚབ་གཞུང་ལས་ཁང་གིས་ཀྲུང་གོའི་མཚོ་དོན་དང་དངོས་ཟོག་སྐྱེལ་འདྲེན། གྲུ་བཟོ་ལས་རིགས་བཅས་ལ་དམིགས་པའི་བརྟག་དཔྱད་301བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེར་ཡི་རང་གཏན་ནས་མི་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།  
     ཨ་རི་ཕྱོགས་ཀྱི་རེ་འདུན་ཞུ་ཡིག་ནང་དོན་དངོས་དང་མི་མཐུན་པའི་སྐྱོན་འཛུགས་མང་པོ་བྱས་ཏེ། རྒྱུན་ལྡན་གྱི་ཉོ་ཚོང་དང་མ་དངུལ་འཇོག་པའི་བྱེད་སྒོ་དེ་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ལས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བར་གོ་བ་ལོག་སྒྲུབ་བྱས་པ་དང་། རང་ངོས་ཀྱི་ཐོན་ལས་གནད་དོན་ཀྲུང་གོར་ཁག་དཀྲིས་པ་ནི་དོན་དངོས་ཀྱི་གཞི་འཛིན་ས་མེད་ལ་དཔལ་འབྱོར་གྱི་རྒྱུན་ཤེས་དང་ཡང་འགལ་ཡོད། ཨ་རིའི་ཞིབ་འཇུག་སྙན་ཞུ་མང་པོ་ལས་མངོན་པ་ལྟར་ན། ཨ་རིའི་གྲུ་བཟོ་ལས་རིགས་ཀྱིས་ཚད་ལས་བརྒལ་བའི་སྲུང་སྐྱོབ་བྱས་པས་ལོ་མང་པོའི་སྔོན་ནས་འགྲན་རྩོད་ཀྱི་ལེགས་ཆ་ཤོར་ཡོད། ཨ་རི་ཕྱོགས་ཀྱིས་རང་རྒྱལ་གྱི་ཐོན་ལས་ལ་ཨ་སྒོར་དུང་ཕྱུར་སྟོང་ཕྲག་ཁ་ཤས་ཀྱི་མཐོང་ཆུང་རང་བཞིན་གྱི་ཁ་གསབ་རོགས་དངུལ་འདོན་སྤྲོད་བྱས་མོད། འོན་ཀྱང་ཀྲུང་གོ་ཕྱོགས་ཀྱིས་“ཁྲོམ་ར་མིན་པའི་བྱེད་ཐབས་”ཟེར་བ་སྤྱད་པར་སྐྱོན་བརྗོད་བྱས་པ་རེད། དོན་དངོས་ཐོག་ཀྲུང་གོའི་ཐོན་ལས་འཕེལ་རྒྱས་ནི་ཁེ་ལས་ཀྱི་ལག་རྩལ་གསར་གཏོད་དང་ཁྲོམ་རའི་འགྲན་རྩོད་ནང་ཧུར་ཐག་ཞུགས་པའི་འབྲས་བུ་ཡིན་པས། ཨ་རི་ཕྱོགས་ཀྱི་སྐྱོན་འཛུགས་རྩ་བ་ནས་རྐང་ཚུགས་མི་ཐུབ། 
     ང་ཚོས་ཨ་རི་ཕྱོགས་ལ་དོན་དངོས་དང་ཕྱོགས་མང་སྒྲིག་སྲོལ་ལ་བརྩི་འཇོག་དང་། ནོར་འཁྲུལ་གྱི་བྱེད་སྟངས་འཕྲལ་མར་མཚམས་འཇོག་བྱས་ཏེ་སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལོག་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བརྟག་དཔྱད་ཀྱི་འཕེལ་རིམ་ལ་དོ་ཁུར་ཆེན་པོ་བྱེད་པ་མ་ཟད། དགོས་ངེས་ཀྱི་བྱ་ཐབས་མཐའ་དག་སྤྱད་དེ་རང་ངོས་ཀྱི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།