འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།རང་རྒྱལ་གྱི་ནགས་ཚལ་བཟའ་བཅའི་ལོ་རེའི་ཐོན་འབབ་ཏུན་དུང་ཕྱུར་2ཡན་ཟིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་18ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཁྲང་ཆིན།
     མི་རིང་བའི་གོང་། 《2023ལོའི་ཀྲུང་གོའི་རྒྱལ་ཁབ་ས་ཆའི་སྔོ་འགྱུར་གནས་ཚུལ་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པར། 2023ལོར་ནགས་རྩྭའི་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ནས་ལོ་ཧྲིལ་པོར་རྒྱལ་ཡོངས་ཀྱི་ནགས་རྩྭའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་9.28ཟིན་པ་དེ་དུས་མཚུངས་ལས་2.3%འཕར་ཡོད།
     རང་རྒྱལ་དུ་ནགས་ཚལ་མུའུ་དུང་ཕྱུར་34ལྷག་ཙམ་དང་ཤིང་རིགས་སྐྱེ་དངོས་སྣ་ཁ་8000ལྷག་ཙམ་ཡོད་པ་ལས་ཕུན་སུམ་ཚོགས་པའི་ཟས་རིགས་ཐོན་ཁུངས་ཤིག་གྲུབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། གཙོ་གནད་ནགས་ལས་སྐྱེ་ཁམས་འདུ་འགོད་དང་དཔལ་འབྱོར་ནགས་ཚལ་ཐོན་སྐྱེད་རྟེན་གཞི་བསྐྲུན་པ་བརྒྱུད། ནགས་ཚལ་བཟའ་བཅའི་ཐོན་ལས་དེ་ནགས་རྩྭའི་བྱེད་པོའི་གཙོ་ཁྲིད་ཐོན་ལས་སུ་གྱུར་ཡོད། བསྡོམས་རྩིས་ལས་མངོན་པར། རྒྱལ་ཡོངས་ཀྱི་ནགས་ཚལ་བཟའ་བཅའི་ལོ་རེའི་ཐོན་འབབ་ཏུན་དུང་ཕྱུར་2ཡན་ཟིན་ནས་རང་རྒྱལ་གྱི་འབྲུ་རིགས་དང་སྔོ་ཚལ་ཕུད་པའི་ཞིང་ལས་ཐོན་རྫས་གལ་ཆེན་ཨང་གསུམ་པར་གྱུར་པ་དང་མི་རེའི་ཆ་སྙོམས་ནགས་ཚལ་བཟའ་བཅའི་ཐོན་འབབ་སྤྱི་རྒྱ་130ཙམ་ཟིན་པ་དེ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།
     ཉེ་བའི་ལོ་ཤས་རིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ས་གནས་ཁག་ལ་རྨོ་བསྐྱུར་ནགས་གསོ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་། རྒྱལ་ཁབ་ས་ཆ་སྔོ་འགྱུར། ཐང་རྒོད་ཅན་དུ་འགྱུར་རྒྱུར་འགོག་བཅོས་སོགས་གཙོ་གནད་ནགས་ལས་སྐྱེ་ཁམས་ལས་གྲྭར་རྒྱབ་སྐྱོར་བྱས་ནས་དཔལ་འབྱོར་ནགས་ཚལ་ཐོན་སྐྱེད་རྟེན་གཞི་བསྐྲུན་ཏེ་ནགས་ཚལ་བཟའ་བཅའི་ཐོན་སྐྱེད་ནུས་པ་ཆེ་རུ་བཏང་ཡོད། མིག་སྔར་རྒྱལ་ཡོངས་ཀྱི་དཔལ་འབྱོར་ནགས་ཚལ་རྒྱ་ཁྱོན་མུའུ་དུང་ཕྱུར་7ཙམ་ཟིན་པ་དང་འདེབས་འཛུགས་གཞི་ཁྱོན་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། ནགས་གསེབ་དཔལ་འབྱོར་ལ་སྤྱོད་པའི་ནགས་ས་རྒྱ་ཁྱོན་མུའུ་དུང་ཕྱུར་6ཟིན་པ་དེས་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་ཡོད། དེའི་ནང་དཔལ་འབྱོར་ནགས་ཚལ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་2000ཡན་ཟིན་པའི་ཞིང་ཆེན་14ཡོད་པ་དང་ལོ་རེའི་ཐོན་ཚད་ཏུན་ཁྲི་1000ཡན་ཟིན་པའི་ཞིང་ཆེན་9ཡོད། སྟར་ཁ་དང་། སྣུམ་ལྡན་ཇ་ཤིང་། པན་ལི། ཆི་པི་ཁ་སོགས་དཔལ་འབྱོར་ནགས་ཚལ་ཐོན་ཁུལ་174ཀྲུང་གོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཁུལ་དུ་བདམས་པ་དེས་བསྡོམས་འབོར་གྱི་56.5%བཟུང་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ནགས་རྩྭ་ཅུས་ཀྱིས《ནགས་རྩྭ་ཐོན་ལས་འཕེལ་རྒྱས་འཆར་འགོད(2021ལོ་ནས་2025ལོ་བར)》བཀྲམ་ནས། དཔལ་འབྱོར་ནགས་ཚལ་དེ་ནགས་རྩྭ་ཐོན་ལས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་ཨང་དང་པོར་བཞག་སྟེ་ཤིང་རིགས་སྣུམ་རྫས་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཁྱད་ལྡན་ཤིང་འབྲས་དང་། ཤིང་རྒྱུད་འབྲུ་སྣུམ། ཤིང་རྒྱུད་སྨན་སྣ། ནགས་ཁུངས་གཟན་ཆག་སོགས་ཐོན་ལས་ལེགས་སུ་དང་སྟོབས་ཆེར་གཏོང་དགོས་པའི་བླང་བྱ་བཏོན་ཡོད། རྒྱལ་ཡོངས་སུ་ལོ་ལྟར་དཔལ་འབྱོར་ནགས་ཚལ་གསར་བཟོ་དང་སྒྱུར་གསོའི་རྒྱ་ཁྱོན་མུའུ་ཁྲི་2000ནས་མུའུ་ཁྲི་3000ཟིན་པ་དང་། དཔལ་འབྱོར་ནགས་ཚལ་གྱི་འབྲས་བུ་བཏགས་བའི་རྒྱ་ཁྱོན་གྱིས་སྤྱིའི་རྒྱ་ཁྱོན་གྱི་67%ཙམ་བཟུང་གི་ཡོད་པས་ཐོན་ཚད་འཕར་བའི་གཏིང་ཤུགས་དང་བར་མཐོངས་སྔར་བཞིན་ཧ་ཅང་ཆེན་པོ་ཡོད།
     (བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)