འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།ཟླ་བ་དང་པོ་ནས་གསུམ་པའི་བར་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་དུས་མཚུངས་ལས་9.9%འཕར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་18ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ“རྒྱལ་ཁབ་ལྕགས་ལམ་ཚོགས་པ”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཟླ་བ་དང་པོ་ནས་གསུམ་པའི་བར། ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ནས་རྒྱལ་ཡོངས་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་1248བཞག་པ་དེ་དུས་མཚུངས་ལས་9.9%འཕར་ནས་ལོ་ཧྲིལ་པོར་འགོ་ཡག་པོ་ཞིག་བཙུགས་ཡོད་པ་རེད།
     ད་ལོ་ཚུན་དུ། རྒྱལ་ཁབ་ལྕགས་ལམ་ཚོགས་པས་ལྕགས་ལམ་ལ་མ་དངུལ་འཇོག་པར་སྐུལ་ཁྲིད་ནུས་པ་གང་ལེགས་བཏོན་ཏེ་ལམ་དྲ་སྦྲེལ་བ་དང་། ལམ་དྲ་གསབ་པ། ལམ་དྲ་སྟོབས་ཆེར་གཏོང་བ་བཅས་གཙོ་གནད་དུ་བཟུང་ནས་སྤུས་ཚད་མཐོ་པོས་ལྕགས་ལམ་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་མ་ཟད། དེང་རབས་ཅན་གྱི་ལྕགས་ལམ་དྲ་བའི་གཞི་ཁྱོན་སྔར་བས་ཆེ་རུ་དང་སྤུས་ཚད་སྔར་བས་ལེགས་སུ་དང་དེ་བཞིན་ཤར་གཏོང་རང་བཞིན་དང་ཁྱབ་རྒྱ་ཆེ་རུ་བཏང་ནས་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཡང་བྱས་ཡོད་པ་རེད།
     ལྷོ་ནུབ་ས་ཁུལ་གྱི་ལྕགས་ལམ་དྲ་བ་འཛུགས་སྐྲུན་ལ་སྐུལ་སྤེལ་མྱུར་པོ་བཏང་ཞིང་། ཤིས་ཨན་ནས་ཁྲུང་ཆིང་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། ཁྲེང་ཏ་དབན་མྱུར་བགྲོད་ལྕགས་ལམ། ཁྲུང་ཆིང་ནས་ཧུའུ་ནན་བར་གྱི་མྱུར་བགྲོད་ལྕགས་ལམ་སོགས་ལྷོ་ནུབ་ས་ཁུལ་དུ་མྱུར་བགྲོད་ལྕགས་ལམ་རྣམ་གྲངས་10ལྷག་ཙམ་ལས་བྲེལ་ཆེན་པོས་སྐྲུན་བཞིན་ཡོད། ཟླ་བ་དང་པོ་ནས་གསུམ་པའི་བར་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཁྲེང་ཏུའུ་ཅུས་ཀྱི་དོ་དམ་ཁོངས་གཏོགས་ཀྱི་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་215བཞག་ཡོད་པ་རེད།
     (ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། སྐལ་མཆོག་གིས་ཞུས)