འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།པར་ཙིར་དང་ཀྲུང་གོའི་རིམ་སྤོར་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་18ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    རུའོ་ཙེ·ཨ་ཁཱ་ཞི་ཨོ།
   པར་ཙིར་འཕེལ་རྒྱས་དང་བཟོ་ལས་ཚོང་དོན་པུའི་བསྡོམས་རྩིས་ལ་གཞིགས་ན། 2023ལོར་པར་ཙིར་གྱིས་ཀྲུང་གོར་ཕྱིར་གཏོང་དངུལ་འབོར་ཨ་སྒོར་དུང་ཕྱུར་1057.5ཟིན་ནས་ཀྲུང་གོ་འདི་པར་ཙིར་གྱི་ཕྱིར་གཏོང་དངུལ་འབོར་ཨ་སྒོར་དུང་ཕྱུར་1000ལྷག་ཙམ་ཟིན་པའི་ཚོང་དོན་རོགས་ཟླ་ཨང་དང་པོར་གྱུར་ཞིང་། འདི་ལོའི་ཟླ་བ་དང་པོ་དང་གཉིས་པར། པར་ཙིར་གྱིས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་དེ་དུས་མཚུངས་ལས་ཆེས་ཆེར་འཕར་བ་ལས་གསོན་ཤུགས་ཀྱིས་ཁེངས་པའི་ཀྲུང་གོའི་ཁྲོམ་རས་པར་ཙིར་གྱི་ཕྱི་ཕྱོགས་ཚོང་དོན་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཞིག་ཐོན་པ་སླར་ཡང་མངོན་ཡོད།
    འདི་ལོ་ནི་པར་ཙིར་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བས། དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། པར་ཙིར་སྲིད་གཞུང་གིས་བྱ་ཐབས་སྣ་ཚོགས་ལག་ལེན་བསྟར་ཏེ་རང་རྒྱལ་ཁབ་ཀྱི་བཟོ་ལས་ཅན་བསྐྱར་མ་དང་། ཚན་རྩལ་གསར་གཏོད་ལ་སྐུལ་འདེད། ཐཱན་ཉུང་ཕྱོགས་སྒྱུར་གང་མགྱོགས་བྱེད་པ། སྤྱི་ཚོགས་ཀྱི་དྲང་གཞག་ལ་སྐུལ་སྤེལ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ནས་པར་ཙིར་སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་སྤུས་ཚད་དེ་བས་མཐོ་བ་དང་། ཁྱབ་ཁོངས་དེ་བས་ཡངས་པ། དམངས་ལ་དེ་བས་ཕན་པ་འདོགས་པའི་པར་ཙིར་དང་ཀྲུང་གོའི་མཉམ་ལས་ལ་བརྟེན་ནས་པར་ཙིར་ཉིད་རང་རྒྱལ་ཁབ་ཀྱི་དོན་དངོས་དང་འཚམ་པའི་དེང་རབས་ཅན་གྱི་འཕེལ་རྒྱས་འགྲོ་ལམ་དུ་བསྐྱོད་པར་རམ་འདེགས་ཐུབ་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
    པ་དབྱི་ཡ་ཀྲོའུ་ནི་པར་ཙིར་གྱི་བྱང་ཤར་མཚམས་སུ་གནས་ཤིང་། ན་ནིང་། ཀྲུང་གོ་དང་པ་དབྱི་ཡ་ཀྲོའུ་ཡི་གཏེར་ལས་ཨུ་ལྷན་བཙུགས་པ་དང་། དེའི་དམིགས་ཡུལ་ནི་གཏེར་ལས་གསར་སྤེལ་སོགས་ཁྱབ་ཁོངས་ཁྲོད་ཀྱི་ཀྲུང་གོའི་ཁེ་ལས་ཀྱི་སྔོན་ཐོན་ལག་རྩལ་དང་མ་དངུལ་གྱི་ལེགས་ཆར་བརྟེན་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དང་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་ལ་བརྩི་སྲུང་ཞུས་ཏེ། གཏེར་ལས་རྣམ་གྲངས་མཉམ་ལས་བྱ་རྒྱུ་གཞི་རྟེན་དུ་བྱས་ནས་ནུས་རྒྱུ་གསར་པ་དང་། ལག་རྩལ་གསར་གཏོད། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྣེ་ཁྲིད་དེ་པ་དབྱི་ཡ་ཀྲོའུ་ཡི་མི་དམངས་ལ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུར་རམ་འདེགས་བྱ་ཆེད་ཡིན་པ་རེད།
    པ་དབྱི་ཡ་ཀྲོའུ་ལ་ཆ་མཚོན་ན། 2023ལོར་པ་དབྱི་ཡ་ཀྲོའུ་ཡི་སྲན་ཆེན་དང་སྲིང་བལ་སོགས་ཞིང་ལས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཀྱང་ས་གནས་དེ་གའི་ཞིང་ལས་དང་བཟོ་ལས་ལ་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་མང་དུ་ཕྱིན་པ་དེས་པ་དབྱི་ཡ་ཀྲོའུ་དང་ཐ་ན་པར་ཙིར་བྱང་ཤར་ས་ཁུལ་གྱི་ལས་ཞུགས་གནས་སྟངས་ཡག་ཏུ་དང་དམངས་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་བར་དོན་སྙིང་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་པོས་པ་དབྱི་ཡ་ཀྲོའུ་རུ་གྲུ་ཁ་དང་ལྕགས་ལམ་སོགས་ཀྱི་ཐད་མཉམ་ལས་བྱས་པས་ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ཞིང་། ན་ནིང་ཟླ་ལྔ་པར་པ་དབྱི་ཡ་ཀྲོའུ་ཡི་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་དང་ཀྲུང་གོའི་ཧྲན་ཏུང་ཞིང་ཆེན་གཞི་ཆེའི་དཔལ་འབྱོར་ཞིབ་འཇུག་ཁང་དབར་མཉམ་ལས་ཀྱི་བརྗེད་ཐོར་མིང་རྟགས་བཀོད་ནས་ཕྱོགས་གཉིས་པོའི་ཞིང་ལས་དང་། རྨང་གཞིའི་སྒྲིག་བཀོད། གྲུ་ཁའི་ཟོག་འགྲེམས། རིག་གནས་སློབ་གསོ་སོགས་ཁྱབ་ཁོངས་སུ་ཞིབ་འཇུག་དང་མཉམ་ལས་བྱས་ཡོད།
    ཀྲུང་གོ་ནི་པར་ཙིར་གྱི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་ཡིན་པས། ཕྱོགས་གཉིས་པོའི་རིམ་སྤོར་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། པར་ཙིར་ཕྱོགས་ཀྱིས་ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་གོ་སྐབས་གང་ལེགས་སྤྱད་པ་དང་ཀྲུང་གོའི་ཁྲོམ་རར་ཞུགས་ཚད་སྔར་བས་མང་དུ་དང་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུ་སྣ་མང་ཅན་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།
   (རྩོམ་པ་པོ་ནི་པར་ཙིར་པ་དབྱི་ཡ་ཀྲོའུ་སྤྱི་ཚོགས་དང་དཔལ་འབྱོར་ཞིབ་འཇུག་ཁང་གི་ཡོན་ཀྲང་ཡིན)