འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།གཞི་རིམ་གྱི་འཐབ་ས་དང་པོར་ལང་ཚོའི་བཀྲག་མདངས་འཚེར།

—— བོད་ལྗོངས་རྒྱལ་རྩེ་རྫོང་དཀྱིལ་མཁར་ཤང་གི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་18ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    2023ལོའི་སྟོན་ཁར། བོད་ལྗོངས་རྒྱལ་རྩེ་རྫོང་དཀྱིལ་མཁར་ཤང་ལྷ་ཁང་གྲོང་ཚོའི་ཨར་འདམ་ལམ་གསར་རྐྱང་ཞིག་སྤྱོད་འགོ་ཚུགས་པས་གྲོང་མི་རྣམས་འགྲོ་སྐྱོད་དེ་བས་སྟབས་བདེ་རུ་ཕྱིན་པ་མ་ཟད། གྲོང་ཚོས་ལོ་ལྟར་སྟོན་འབྲུ་དབོར་སྐབས་ཀྱང་སྟབས་དེ་བས་བདེ་རུ་ཕྱིན་ཡོད་པ་རེད།
   ལམ་བཟོས་ཚར་རྗེས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ཚེ་བུའི་སེམས་གཞི་ནས་ལྷོད་ལ་བབས། ལྷ་ཁང་གྲོང་ཚོར་ལས་ཀ་བྱས་པ་ནས་བཟུང་ཁོང་གིས་གྲོང་མི་ཚོས་ལམ་བཟོ་མཁན་བྱུང་ན་སྙམ་པའི་བསམ་ཚུལ་རྟོགས།
   2019ལོར། ཚེ་བུ་དཀྱིལ་མཁར་ཤང་དུ་ཡོང་ནས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ཞིག་ཏུ་གྱུར། ལྷོ་ནུབ་མི་རིགས་སློབ་ཆེན་ནས་ཐོན་པའི་ཁོང་གིས་རང་ཉིད་ཀྱི་རིག་གནས་རྨང་གཞི་བརྟན་པོ་དང་ལས་ཀ་ཧུར་ཐག་བསྒྲུབས་པའི་རྣམ་འགྱུར་ལ་བརྟེན་ནས་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གི་ལས་རོགས་ཡག་པོ་ཞིག་ཏུ་གྱུར། ལོ་4ཡི་རིང་ཁོང་གིས་གྲོང་ཚོའི་ལས་དོན་ལ་སེམས་ནུས་ཡོད་རྒུ་བཏོན་པ་དང་། “ཆ་རྐྱེན་སྐྱོ་པོ་ཡིན་རུང་སེམས་ཁྲལ་བྱེད་པའི་གནད་དོན་དེ་དག་ཐག་གཅོད་བྱས་རྗེས་མང་ཚོགས་ཀྱི་ངོ་གདོང་ནས་དགའ་བའི་འཛུམ་མདངས་མཐོང་སྐབས་རང་ཉིད་ལ་གྲུབ་འབྲས་ཐོབ་པའི་ཚོར་སྣང་ཞིག་ཡོང་གི་འདུག སླད་ཕྱིན་ངས་ཡང་འབད་བསྐྱར་འབད་བྱས་ཏེ་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་ལ་བརྟེན་ནས། གྲོང་གསེབ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་ལྷ་ཁང་གྲོང་ཚོའི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་ཚེ་བུས་བཤད།
    དཀྱིལ་མཁར་ཤང་གི་ཁོངས་གཏོགས་སྲིད་འཛིན་གྲོང་ཚོ་8ཚང་མར་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་རེ་བཀོད་སྒྲིག་བྱས་ཡོད། གསོ་སྐྱོང་ཡག་པོ་བྱས་པ་བརྒྱུད། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་8དེ་དག་གྲོང་ཚོའི་ལས་དོན་ཁག་སྤེལ་བའི་འཇོན་ཐང་ཅན་དུ་གྱུར་ཡོད།
    “ད་ཆ་ང་རང་ལྟོ་གོས་ཐད་སེམས་ཁྲལ་བྱེད་དགོས་མེད། འོན་ཀྱང་རྐང་པར་སྐྱོན་ཡོད་པས་ཕྱིར་སྐྱོད་སྐབས་སྟབས་བདེ་པོ་མི་འདུག སྟབས་ལེགས་པ་ཞིག་ལ་བུ་མོ་སྤེན་པ་སྒྲོལ་མས་རྒྱུན་དུ་རོགས་པ་བྱེད་པར་ཡོང་གི་འདུག ཁོང་གིས་ང་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་གཙང་སྦྲ་བྱེད་རོགས་བྱས་པས་དངོས་གནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་སྤེན་པ་སྒྲོལ་མའི་སྐོར་གླེང་སྐབས་དཀྱིལ་མཁར་ཤང་ལ་འོག་གྲོང་ཚོའི་བགྲེས་སོང་མཚམས་གཅོད་ཀྱིས་སེམས་འགུལ་ཆེན་པོས་དེ་ལྟར་བཤད།
    བགྲེས་སོང་མཚམས་གཅོད་ལ་གྲུམ་བུའི་ནད་ཡོད་པས་རྒྱུན་གཏན་གྱི་འཚོ་བར་དཀའ་ངལ་ཚབས་ཆེན་འཕྲད་ཀྱི་ཡོད། བགྲེས་སོང་ཁོང་གི་དཀའ་ངལ་ཤེས་རྗེས་སྤེན་པ་སྒྲོལ་མ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་རྟག་ཏུ་ཁོང་ལ་ཁྱིམ་ལས་བྱེད་རོགས་བྱེད་པ་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བཤད་ནས་ཁོང་གི་སེམས་གུ་ཡངས་སུ་གཏོང་གི་ཡོད།
    ལས་དོན་སྔར་བས་ལེགས་པར་བསྒྲུབ་ཆེད། སྤེན་པ་སྒྲོལ་མས་རྒྱུན་དུ་ལུས་ཐོག་ཏུ་དེབ་ཆུང་ཞིག་ཁྱེར་ནས་ཁྱིམ་ཚང་ཚང་མར་བསྐྱོད་དེ། ཚང་མའི་བསམ་ཚུལ་ཤེས་རྟོགས་བྱེད་པ་དང་ཤེས་རྟོགས་ཐུབ་པའི་གནས་ཚུལ་དུས་ཐོག་ཏུ་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་ལ་སྙན་སེང་ཞུས་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་ཐུབ་པར་བྱེད་ཀྱི་ཡོད། རྒྱུན་དུ་ཚང་མར་དཀའ་ངལ་འཕྲད་ཚེ་ཁོང་འཚོལ་འདོད་བྱེད་ཀྱི་ཡོད་པ་རེད།
    ཚེ་བུ་དང་སྤེན་པ་སྒྲོལ་མ་ནི་རྒྱལ་རྩེ་རྫོང་གི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་མང་པོ་ཞིག་དང་འདྲ་བར་གཞི་རིམ་དུ་རྩ་བ་ཚུགས་པ་དང་རང་འགན་གཙང་སྒྲུབ་བྱེད་མཁན་ཞིག་རེད། ཁོང་ཚོས་འཐབ་ས་དང་པོར་རྩ་བ་ཚུགས་ཏེ་མང་ཚོགས་ལ་བདེ་རྩ་བསྐྲུན་པ་དང་གྲོང་གསེབ་ལ་འཕེལ་རྒྱས་དོན་གཉེར་བྱས་ཏེ། གྲོང་གསེབ་དར་རྒྱས་ཀྱི་བྱ་གཞག་ཁྲོད་རང་ཉིད་ཀྱི་ལང་ཚོའི་བཀྲག་མདངས་འཚེར་བར་བྱེད་བཞིན་མཆིས།