འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།མཚོ་སྔོན་གྱིས། རྒན་གསོའི་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་18ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་གྱིས་ལོ་10བསྟུད་མར་རྒན་གསོའི་ཞབས་ཞུའི་ལས་དོན་དེ“དམངས་འཚོའི་དོན་དངོས་བཅུའི”རྣམ་གྲངས་ནང་བཅུག་ནས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ལོ་ལྟར་སྲིད་གཞུང་གི་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་ཀྱི་ཞིང་ཆེན་རིམ་པའི་ནོར་སྲིད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.2ཙམ་བཏང་བས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་རྒན་རྒོན་དང་ལོ་80ཡན་གྱི་རྒན་རྒོན་གྱི་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་ཕྱོགས་ཡོངས་ནས་ཁྱབ་ཡོད།
   ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ས་མཐོའི་ཁྱད་ལྡན་རྒན་གསོའི་ཞབས་ཞུའི་མཚོ་སྔོན་གྱི་དཔེ་མཚོན་གཏོད་པ་དང་། རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུར་སྐུལ་འདེད་གཏོང་བ། ཞིང་ཆེན་རིམ་པའི་སྨན་བཅོས་གསོ་སྐྱོང་ཟུང་འབྲེལ་གྱི་དཔེ་སྟོན་སྒྲིག་གཞི་འཛུགས་པ། གཞུང་གི་རྒན་གསོའི་སྒྲིག་གཞིའི་སྤུས་ཚད་མཐོ་རུ་གཏོང་བ། རྒན་གསོའི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ། རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད་དང་ཁྱིམ་ཚང་གི་ལྟ་སྐྱོང་བ་གསོ་སྦྱོང་སོགས“གཅིག་རེ་དྲུག”གི་གཙོ་གནད་དམིགས་ཚད་དམ་པོར་དམིགས་ཏེ། རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུ་འཕེལ་རྒྱས་གཏོང་བ་དང་། སྨན་བཅོས་གསོ་སྐྱོང་མཉམ་འདྲེས་འཕེལ་རྒྱས་དང་ཕན་འབྲས་ཆེ་རུ་གཏོང་བ། རྒན་གསོའི་སྒྲིག་གཞིའི་ནུས་པ་ཆེ་རུ་དང་སྤུས་ཚད་མཐོ་རུ་གཏོང་བ། རྒན་རྒོན་ལ་གཅེས་སྐྱོང་ཞབས་འདེགས་ཞུ་བ། རྒན་རྒོན་ཤེས་ལྡན་མི་སྣའི་གྲངས་འབོར་མང་དུ་དང་སྤུས་ཚད་མཐོ་རུ་གཏོང་བ་བཅས“བྱ་སྤྱོད་ལྔ”ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། རྒན་གསོའི་ཞབས་ཞུའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། འདི་ལོ་མཚོ་སྔོན་གྱིས་ས་མཐོའི་ཁྱད་ལྡན་རྫོང་དང་གྲོང་གསེབ་ཀྱི་རིམ་པ་གསུམ་པའི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཛུགས་སྐྱོང་ལ་དམིགས་ཏེ། ཕན་བདེ་ཁང་དང་རྒན་གསོ་ཁང་སོགས་ད་ཡོད་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་སྒྱུར་བཀོད་དང་ལེགས་སུ་གཏོང་བ་དང་། རྒན་གསོའི་ཞབས་ཞུ་དང་། སྤྱི་པའི་རིག་གནས། སྨན་བཅོས་འཕྲོད་བསྟེན། དམངས་ཡོངས་ཀྱི་བདེ་ཐང་སོགས་ཞབས་ཞུའི་ནུས་པ་བསྡུ་སྒྲིལ་བྱས་ནས་ཞིང་འབྲོག་ཁུལ་གྱི་རྒན་གསོའི་སྒྲིག་བཀོད་སྤྱོད་ཚད་མཐོ་རུ་གཏོང་རྒྱུ་རེད།
   གྲོང་གསེབ་ཀྱི་རྒན་རྒོན་ཚོ་ཐག་ཉེ་སར་རྒན་གསོ་ཐུབ་པའི་རེ་སྒུག་མངོན་འགྱུར་ཡོང་བར་དམིགས་ནས། མཚོ་སྔོན་གྱིས་མ་དངུལ་སྒོར་ཁྲི་800གྲབས་གསོག་ཧུར་ཐག་བྱས་ནས་བཟའ་བཏུང་དང་ཉིན་མོའི་ལྟ་སྐྱོང་སོགས་ཕྱོགས་བསྡུས་ནུས་པ་ལྡན་པའི་གྲོང་གསེབ་ཀྱི་ཕན་བདེ་ཁང་100བསྐྲུན་པ་དང་སྒྱུར་བཀོད་བྱས་པ་མ་ཟད། སྲིད་གཞུང་གིས་ཁ་གསབ་རོགས་དངུལ་དང་། མི་སྒེར་གྱི་རོགས་སྐྱོར། གཅེས་སེམས་མི་སྣའི་ཞལ་འདེབས། མཉམ་འབྲེལ་སྡེ་ཚན་གྱི་རོགས་སྐྱོར། གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་རོགས་སྐྱོར་བཅས“རོགས་སྐྱོར་ལྔའི”རྣམ་པ་སྤྱད་དེ་བཟའ་བཏུང་གི་ཞབས་འདེགས་ཞུས་ནས་རྒན་གསོའི་ཞབས་ཞུའི་སྟབས་བདེ་དང་དུས་ཐོག་རང་བཞིན་སྔར་བས་ཆེ་རུ་བཏང་ཡོད། དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རྒན་རྒོན་གྱི་སྡོད་ཁང་ཆ་རྐྱེན་མུ་མཐུད་ལེགས་སུ་གཏོང་བར་དམིགས་པ་དང“ཁང་པའི་ནང་འགྲོ་སྐྱོད་སྟབས་བདེ་དང་། གསང་སྤྱོད་ནང་གི་ཁྲུས་ཁང་བདེ་འཇགས། སྡོད་མལ་ཁོར་ཡུག་ལེགས་བཅོས། རིག་ནུས་བདེ་འཇགས་ལྟ་སྐྱོང་། རམ་འདེགས་ཡོ་བྱད་འཐུས་ཚང”སོགས་ཕྱོགས་ལྔ་ལ་དམ་པོར་དམིགས་ནས། རྒྱལ་ཡོངས་ཀྱི་སྡོད་མལ་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་མཐོར་གཏོང་བྱ་སྤྱོད་དང་ཞིང་ཆེན་ཡོངས་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་རྒན་གསོའི་སྒྱུར་བཀོད་ལ་བརྟེན་ནས། འདི་ལོ་མ་དངུལ་སྒོར་ཁྲི་750གྲབས་གསོག་བྱས་ཏེ་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་རྒན་རྒོན་1500ལ་རྒན་གསོའི་སྒྱུར་བཀོད་བྱས་ནས་རྒན་རྒོན་གྱི་ཁྱིམ་སྡོད་འཚོ་བའི་བདེ་འཇགས་རང་བཞིན་དང་། སྟབས་བདེའི་རང་བཞིན། བདེ་སྐྱིད་སྟོན་གྲངས་བཅས་མཐོ་རུ་ཏན་ཏིག་གཏོང་རྒྱུ་རེད།