འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་17ཉིན།

༄༅།།འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པ་ཧའེ་ཁོའུ་རུ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་17ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཧའེ་ཁོའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པ་དང་གོ་ལ་ཧྲིལ་པོའི་འཛད་སྤྱོད་གསར་གཏོད་ཀྱི་རིམ་སྤེལ་བྱེད་སྒོ་ཧའེ་ནན་ཧའེ་ཁོའུ་རུ་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཕེང་ཆིང་ཧྭ་འགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།
     ཕེང་ཆིང་ཧྭ་ཡིས་ནན་བཤད་གནང་དོན། ཧའེ་ནན་ནི་རང་རྒྱལ་གྱི་དཔལ་འབྱོར་དམིགས་བསལ་ཁུལ་ཆེ་ཤོས་ཤིག་ཡིན་ཞིང་། དེར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལག་བསྟར་དང་ཆུ་ཚད་མཐོ་ཤོས་ཀྱི་སྒོ་དབྱེའི་སྲིད་ཇུས་ཚོད་ལྟ་བྱེད་པའི་དམིགས་བསལ་གྱི་ལེགས་ཆ་ལྡན་ཡོད། འཛད་སྤྱོད་གསར་གཏོད་མཐའ་འཁྱོངས་ཀྱིས“འཛད་སྤྱོད་སྐུལ་སྤེལ་ལོ”མཉམ་དུ་བཏོད་ནས་འཛད་སྤྱོད་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱེད་དགོས། ཚན་རྩལ་གསར་གཏོད་མཐའ་འཁྱོངས་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་བཏང་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་ལྗང་མདོག་འཛད་སྤྱོད་སྐྱེ་ཁམས་མཉམ་དུ་བཏོད་དེ་རང་བཞིན་དུ་ཡག་ཏུ་འགྲོ་བའི་འབྱུང་འགྱུར་མཉམ་དུ་གཏོད་དགོས། སྒོ་དབྱེ་མཉམ་སྤྱོད་མཐའ་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་ཚོང་དོན་མཉམ་དུ་རྒྱ་སྐྱེད་བཏང་ནས་མཉམ་ལས་གཉིས་ཕན་གྱིས་འཛམ་གླིང་ལ་ཕན་པ་ཐོབ་པར་བྱེད་དགོས།
     ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པས“སྒོ་དབྱེའི་གོ་སྐབས་མཉམ་དུ་སྤྱོད། མཛེས་སྡུག་འཚོ་བ་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཡོད།
     (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)