འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་17ཉིན།

༄༅།།རང་རྒྱལ་གྱིས་ལོ་7བསྟུད་མར་དངོས་ཟོག་ཚོང་དོན་གྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོའི་གནས་བབ་རྒྱུན་འཁྱོངས་བྱས་པ།

——ཕྱིར་གཏོང་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་ལོ་15བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་17ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     གྲངས་གཞི་གསར་པ།
     ལྟ་ཚུལ་གསར་པ།
     2023ལོར།
     ● རང་རྒྱལ་གྱིས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་ཁྲི་5.94ཟིན་ནས་ལོ་7བསྟུད་མར་དངོས་ཟོག་ཚོང་དོན་གྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོའི་གནས་བབ་རྒྱུན་འཁྱོངས་ཐུབ་ཡོད།
     ● ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་ཁྲི་3.38ཟིན་ནས་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་14.2%ཟིན་པ།
     ● ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་ཁྲི་2.56ཟིན་ནས་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་10.6%ཟིན་པ།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། 2023ལོར་རང་རྒྱལ་གྱིས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་ཁྲི་5.94ཟིན་ནས་ལོ་7བསྟུད་མར་དངོས་ཟོག་ཚོང་དོན་གྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོའི་གནས་བབ་རྒྱུན་འཁྱོངས་ཐུབ་ཡོད། འཛམ་གླིང་གི་དཔལ་འབྱོར་དཀའ་ཚེགས་ཆེ་བའི་སླར་གསོའི་རྒྱབ་ལྗོངས་ཆེན་པོའི་འོག རང་རྒྱལ་གྱིས་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་སྤྱིར་ན་བརྟན་པོ་རྒྱུན་འཁྱོངས་བྱས་པས་འཕེལ་རྒྱས་ཀྱི་ལྡེམ་ཤུགས་ཅུང་ཆེན་པོ་མངོན་ཡོད་པ་རེད།
     ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་10ཉིན། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་2023ལོའི་གོ་ལ་ཧྲིལ་པོའི་དངོས་ཟོག་ཚོང་དོན་གྱི་གྲངས་གཞི་ཡོངས་བསྒྲགས་བྱས་ཤིང་། གྲངས་གཞི་ལས་མངོན་པར། གོ་ལ་ཧྲིལ་པོའི་དངོས་ཟོག་ཕྱིར་གཏོང་བྱེད་ཚད་ལོ་3རིང་ཐེངས་དང་པོ་ཆག་ཡོད། 2023ལོར། གོ་ལ་ཧྲིལ་པོའི་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་23.8ཟིན་ནས་4.6%ཆག་པ་དང་། 2021ལོ་དང་2022ལོ་ལོ་གཉིས་བསྟུད་མར་འཕར་རྗེས་སླར་ཡང་ཆག་ཡོད་པ་རེད།
     རྒྱབ་ལྗོངས་དེའི་འོག 2023ལོར་རང་རྒྱལ་གྱིས་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་ཁྲི་3.38ཟིན་ནས་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་14.2%ཟིན་པ་དེ་2022ལོ་དང་གཅིག་མཚུངས་བྱུང་ནས་ལོ་15བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད། ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་ཁྲི་2.56ཟིན་ནས་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་10.6%ཟིན་པ་དེ་2022ལོ་ལས་ཅུང་འཕར་ཏེ། ལོ་15བསྟུད་མར་གོ་ལ་ཧྲིལ་པོའི་ཨང་གཉིས་པ་རྒྱུན་འཁྱོངས་ཐུབ་ཡོད། ཚོང་དོན་པུའུ་ཕྱི་ཕྱོགས་ཚོང་དོན་སིའི་འགན་འཁུར་བས་བརྗོད་དོན། ཕྱིར་གཏོང་ནང་འདྲེན་གྱི་ཁྲོམ་རའི་ཐོབ་སྐལ་བརྟན་པོ་ལས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་ལེ་ལག་འདུས་གྲུབ་ལེགས་ཆ་དང་རྒྱུན་མཐུད་གསར་གཏོད་ནུས་པར་བརྟེན་ནས་རང་རྒྱལ་གྱི་སྤུས་ལེགས་ཐོན་རྫས་སྣ་ཚོགས་ལ་རྒྱལ་སྤྱིའི་ཁྲོམ་རའི་དགའ་བསུ་ཆེན་པོ་ཐོབ་པ་གང་ལེགས་མངོན་ཡོད། གཞི་ཁྱོན་ཆེ་བའི་ཁྲོམ་རའི་ལེགས་ཆར་བརྟེན་ནས་རང་རྒྱལ་གྱི་ནང་འདྲེན་ལས་ཀྱང་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། 2024ལོའི་རང་རྒྱལ་གྱི་ཚོང་དོན་གྲུབ་འབྲས་ལ་ཡང་རེ་སྒུག་བྱེད་རིན་ཡོད་པ་ཞིག་རེད།
     འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་སྔོན་དཔག་བྱས་དོན། 2024ལོར་གོ་ལ་ཧྲིལ་པོའི་ཚོང་དོན་གྲངས་འབོར་2.6%འཕར་རྒྱུ་ཡིན་པ་དེ་2023ལོ་ལས་བརྒྱ་ཆའི་གྲངས་3.8མཐོ་རུ་འགྲོ་རྒྱུ་རེད། 2024ལོའི་དུས་ཚིགས་དང་པོའི་ཚོང་དོན་ཁྱབ་ཁོངས་སུའང་སླར་གསོ་བྱུང་ཚུལ་འགའ་མངོན་ཡོད། ཚོང་དོན་པུས་ས་ཁུལ་ཁག་དང་སྡེ་ཚན་ཁག་དང་མཉམ་དུ་དོན་གཉེར་གོ་ཆོད་ཀྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་ཞིབ་འཇུག་དང་གྲ་སྒྲིག་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ནས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་ཁྲོམ་ར་གཏོད་རོགས་བྱེད་བཞིན་ཡོད། རང་རྒྱལ་གྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་མཐུད་སྐུལ་འདེད་བཏང་ནས་ཚོང་དོན་རོགས་ཟླ་ཁག་དང་མཉམ་ལས་དམ་ཟབ་བྱས་ཏེ་གོ་ལ་ཧྲིལ་པོའི་ཚོང་དོན་སླར་གསོ་ཡོང་བར་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་རྒྱུ་རེད།
     (ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)