འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་17ཉིན།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་17ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བརྒྱད་པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས》ཞེས་པ་བཀོད་ཡོད། འདི་ནི་2013ལོའི་ཟླ་8པ་ནས་2023ལོའི་ཟླ་9པའི་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གནད་བསྡུས་བྱས་པ་ཞིག་རེད།
     རྩོམ་ཡིག་ནང་ནན་བཤད་བྱས་དོན། ཀྲུང་ཧྭའི་ཤེས་དཔལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་བར་མཚམས་ཆད་མྱོང་མེད་པ་དེ་ལས་ང་ཚོའི་རླབས་ཆེན་གྱི་མི་རིགས་གྲུབ་ཡོད། རིག་དངོས་དང་རིག་གནས་ཤུལ་བཞག་ནང་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུན་འདུས་ཡོད་པས། བསྐྱར་སྐྱེས་མི་ཐུབ་པ་དང་ཚབ་བྱེད་ཐབས་བྲལ་བའི་ཀྲུང་ཧྭའི་ཕུལ་བྱུང་ཤེས་དཔལ་ཐོན་ཁུངས་ཤིག་རེད། འདི་ནི་ང་ཚོའི་མི་རབས་འདིར་དབང་བ་མ་ཟད། ཕ་ཚ་བུ་རྒྱུད་ཚང་མར་དབང་ཡོད། སྲུང་སྐྱོང་ཨང་དང་པོ་དང་། དོ་དམ་ལ་ཤུགས་སྣོན། རིན་ཐང་སྔོག་འདོན། བེད་སྤྱོད་ནུས་ལྡན། རིག་དངོས་ཀྱི་དོན་གོ་ཆོད་དུ་འཇུག་པ་བཅས་མཐའ་འཁྱོངས་བྱེད་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་བྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།
     རྩོམ་ཡིག་ནང་བསྟན་དོན། རིག་དངོས་ལ་སྐད་ཆ་ཤོད་དུ་འཇུག་པ་དང་། ལོ་རྒྱུས་ལ་སྐད་ཆ་ཤོད་དུ་འཇུག་པ། རིག་གནས་ལ་སྐད་ཆ་ཤོད་དུ་འཇུག་པ་བཅས་བྱེད་དགོས། སྲོལ་རྒྱུན་རིག་གནས་ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཏེ་གོང་མའི་ཕོ་བྲང་དུ་ཉར་ཚགས་བྱས་པའི་རིག་དངོས་དང་། ས་གཞི་ཆེན་པོར་བཤམས་པའི་ཤུལ་བཞག གནའ་དཔེར་འཁོད་པའི་ཡི་གེ་བཅས་ཚང་མ་དོན་གོ་ཆོད་དུ་འཇུག་དགོས། རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་རིག་དངོས་ཞིབ་འཇུག་གསལ་འགྲེལ་དང་འགྲེམས་སྟོན་ཁྱབ་སྤེལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཕུལ་བྱུང་གི་སྲོལ་རྒྱུན་ཡུལ་ཕྱོགས་རིག་གནས་སྔོག་འདོན་དང་། རྒྱུན་འཛིན། གསར་གཏོད་བཅས་གཏིང་ཟབ་བྱས་ནས་དུས་རབས་གསར་པར་རང་རྒྱལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་སོ་ནམ་ཤེས་དཔལ་གྱི་ཡིད་དབང་འཕྲོག་ཤུགས་དང་ཉམས་འགྱུར་མངོན་པར་བྱེད་དགོས། རང་རྒྱལ་རིག་གནས་ཀྱི་སྙིང་བཅུད་རྒྱུན་འཛིན་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས། གསར་བརྗེའི་རིག་གནས་དར་སྤེལ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་ཡག་པོ་དང་། དོ་དམ་ཡག་པོ། བེད་སྤྱོད་ཡག་པོ་བཅས་ཏན་ཏིག་བྱེད་དགོས། ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་བཏོད་ནས་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ལ་ཀྲུང་ཧྭའི་ཤེས་དཔལ་ལ་ངོས་འཛིན་དང་མོས་སེམས་གཅིག་མཐུན་དེ་བས་ཡག་པོ་ཡོང་བར་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཀྲུང་གོ་བ་ཞིག་བྱེད་པའི་བློ་སྟོབས་དང་། ལ་རྒྱ། གདེང་ཤུགས་བཅས་ཆེ་རུ་གཏོང་དགོས།
     རྩོམ་ཡིག་ནང་ནན་བཤད་བྱས་དོན། འཛམ་གླིང་ནི་སྣ་མང་ཕུན་སུམ་ཚོགས་པའི་ཤེས་དཔལ་ལས་གྲུབ་ཅིང་། ཀྲུང་གོ་ནི་འཛམ་གླིང་ཐོག་ལོ་རྒྱུས་ཡུན་རིང་ཤོས་དང་རིག་གནས་གཏིང་ཟབ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཀྲུང་ཧྭའི་ཤེས་དཔལ་གྱིས་སྔར་ནས་བཟུང་ཤེས་དཔལ་མི་འདྲ་བའི་དབར་ཕན་ཚུན་བསམ་ཤེས་དང་བརྩི་འཇོག་བྱེད་པར་མོས་བསྟོད་བྱེད་ཀྱི་ཡོད། གོ་ལ་ཧྲིལ་པོའི་ས་གནས་ཁག་དང་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ་རིག་གནས་དར་རྒྱས་གོང་འཕེལ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོང་། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་བསྟར་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་ཆེད་རིག་གནས་ཀྱི་སྟོབས་ཤུགས་ཆེན་པོ་ཡུན་རིང་སྣོན་དགོས།
     (ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)