འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་17ཉིན།

༄༅།།བོད་ལྗོངས་ཀྱི་ཁག་དང་པོའི་ཞིང་འཕྲུལ་ཁ་ལོ་བའི་ལག་ཁྱེར་སྤྲད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་17ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས་དུས་ཐེངས་དང་པོའི་འདྲུད་འཐེན་འཕྲུལ་འཁོར་གྱི་འཁོར་རྟཊ་དང་ལག་ཁྱེར་སྤྲོད་པའི་ཚོད་ལྟ་དང་ཞིང་འཕྲུལ་དང་ཞིང་ལས་ལག་རྩལ་མཉམ་འདྲེས་མཐོར་གཏོང་གི་གསོ་སྦྱོང་འཛིན་གྲྭའི་སློབ་མཇུག་འགྲིལ་བའི་མཛད་སྒོ་འཚོགས་པ་རེད། མཛད་སྒོའི་ཐོག གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་སློབ་མར་ལྗོངས་ཡོངས་ཀྱི་ཞིང་འཕྲུལ་གྱི་ཁ་ལོ་བའི་ལག་ཁྱེར་G2རིགས་38སྤྲད་པ་དང་འབྲེལ། ལྷ་རྩེ་དང་། ས་དགའ། པ་སྣམ། རྣམ་གླིང་བཅས་རྫོང་4ཡི་འབྲེལ་ཡོད་མཉམ་ལས་ཁང་ལ་ཞིང་འཕྲུལ་གྱི་འཁོར་རྟཊ་སྤྲད་པ་རེད།
“འདྲུད་འཐེན་འཕྲུལ་འཁོར་གཏོང་ཆོག་པའི་ལག་ཁྱེར་ཡོད་ཙང་། ང་ཚོ་ལམ་དུ་སྐྱོད་སྐབས་བློ་བདེ་པོ་འདུག”ཅེས་ལྷ་རྩེ་རྫོང་བཀྲིས་འཛོམས་ཤང་གི་ཞིང་པ་ངག་དབང་གིས་ཁ་ལོ་བའི་ལག་ཁྱེར་བླངས་རྗེས་དེ་ལྟར་བཤད།
    གཞིས་རྩེ་གྲོང་ཁྱེར་ནི་བོད་ལྗོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ནས་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཡིན་པས“བོད་ཀྱི་འབྲུ་མཛོད”ཅེས་པའི་མཚན་སྙན་ཐོབ་ཡོད། ཞིང་འཕྲུལ་ནི་སྲོལ་རྒྱུན་ཞིང་ལས་དེང་རབས་ཞིང་ལས་སུ་བསྒྱུར་བའི་འགག་རྩའི་རྒྱུ་རྐྱེན་ཞིག་ཡིན་པ་མ་ཟད། ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚད་གཞི་ཡང་གཏན་འཁེལ་བྱེད་ཀྱི་ཡོད། མིག་སྔར། གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འཕྲུལ་གྱི་སྒུལ་ཤུགས་བསྡོམས་འབོར་ཆན་ཝ་ཁྲི་288.47ཟིན་པ་དང་འདྲུད་འཐེན་འཕྲུལ་འཁོར་སྣ་ཚོགས་ཁྲི་12.66དང་ལེ་ལག་ཚང་བའི་འཕྲུལ་ཆས་ཡོ་བྱད་ཁྲི་9.1ཡོད་པ་རེད།
    ཞིང་འཕྲུལ་ཁ་ལོ་བའི་ལག་ཁྱེར་G2སྤྲོད་པ་ནི་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འཕྲུལ་ལག་ཁྱེར་སྤྲོད་པའི་ཚོད་ལྟའི་ལས་དོན་གྱི་ལྷུ་ཚིཊ་གལ་ཆེན་ཞིག་དང་ཞིང་འཕྲུལ་ལ་འཁོར་རྟཊ་བསྒར་རྗེས་ཀྱི་ཚོད་ལྟའི་བྱ་སྤྱོད་ཅིག་རེད། དེར་བརྟེན་གཞིས་རྩེ་གྲོང་ཁྱེར་དུ་བོད་ཀྱི་ཞིང་འཕྲུལ་ལྟ་འདོམས་ལས་སྟེགས་ཐོག་མ་བསྐྲུན་པ་དང་2023ལོར་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་ནུབ་གཏོད་གྲོང་ཚོའི་ཞིང་འཕྲུལ་མཉམ་ལས་ཁང་དུ་འདྲུད་འཐེན་འཕྲུལ་འཁོར་ལ་འཁོར་རྟགས་སྤྲོད་པའི་ཚོད་ལྟའི་ལས་དོན་སྤེལ་བ་རེད།
    གཞིས་རྩེ་གྲོང་ཁྱེར་ཞིང་འཕྲུལ་ས་ཚིགས་ཀྱིས་མ་དངུལ་སྒོར་ཁྲི་360བརྩོན་ལེན་བྱས་ནས《གཞིས་རྩེ་གྲོང་ཁྱེར་གྱི་འདྲུད་འཐེན་འཕྲུལ་འཁོར་ལ་འཁོར་རྟགས་དང་ལག་ཁྱེར་སྤྲོད་པ་ཚོད་ལྟ་དང་ཞིང་འཕྲུལ་དང་ཞིང་ལས་ལག་རྩལ་མཉམ་འདྲེས་མཐོར་གཏོང》རྣམ་གྲངས་ལག་བསྟར་བྱས་པ་མ་ཟད། འདྲུད་འཐེན་འཕྲུལ་འཁོར་གྱི་ཞིབ་དཔྱད་ཚད་ལེན་སྒྲིག་ཆས་དང་། ཁ་ལོ་བའི་རྒྱུགས་སྤྲོད་སྒྲིག་ཆས། ཞིང་འཕྲུལ་རིག་ནུས་ཁ་ལོ་བའི་རམ་འདེགས་མ་ལག་བཅས་ཡོངས་བསྒྲགས་ངང་འོས་སྐུལ་འོས་དཔོད་ཀྱིས་ཉོ་སྒྲུབ་བྱས་ཏེ་བསམ་གྲུབ་རྩེ་དང་། རྒྱལ་རྩེ། པ་སྣམ། ས་སྐྱ། ལྷ་རྩེ། རྣམ་གླིང་སོགས་རྫོང(ཆུས)དྲུག་ཏུ་འདྲུད་འཐེན་འཕྲུལ་འཁོར་གྱི་འཁོར་རྟགས་དང་ལག་ཁྱེར་སྤྲོད་པའི་ཚོད་ལྟའི་ལས་དོན་མུ་མཐུད་སྤེལ་ནས་འདྲུད་འཐེན་འཕྲུལ་འཁོར་དང་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་དོ་དམ་ཞིབ་དཔྱད་ཀྱི་སྟོང་ཆ་གསབ་པ་རེད། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱིས་ཚོད་ལྟའི་རྫོང(ཆུས)6ལ་ཞིང་འཕྲུལ་གྱི་འཁོར་རྟགས་དང་འདྲུད་འཐེན་འཕྲུལ་འཁོར་གྱི་ལག་ཁྱེར་51སྤྲད་པ་རེད།