འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་17ཉིན།

༄༅།།མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་འགལ་ངང་རྡོ་ཐ་ཚོང་གཉེར་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་17ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་གྲོང་དབུས་སྤྱི་བདེ་ཡན་ལག་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་ཆར་ཡན་ལག་ཅུས་དེས་ཁྲིམས་འགལ་ངང་རྡོ་ཐ་ཚོང་གཉེར་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་ཅིང་། ཉེས་གསོག་དོགས་ཅན་8བཟུང་བ་དང་ས་གནས་ས་ཐོག་ནས་རྡོ་ཐ་རྫུན་མ་དང་ལྐོག་འདྲེན་བྱས་པའི་རྡོ་ཐ་རྡར་ཚན་2000གཞུང་བཞེས་བཏང་བའི་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར་1.35ལྷག་ཙམ་ཟིན་ཡོད།
   འདི་ལོའི་ལོ་འགོར་གྲོང་དབུས་སྤྱི་བདེ་ཡན་ལག་ཅུས་དཔལ་འབྱོར་མྱུལ་ཞིབ་རུ་ཆེན་གྱིས་ལས་དོན་སྒྲུབ་རིང་། གྲོང་མི་མཱ་ཆེ་གེ་མོས་དྲ་རྒྱའི་ལས་སྟེགས་བརྒྱུད་སྤུས་རྟགས་ལ་བརྫུས་པའི་རྡོ་ཐ་ཉོས་པ་ཤེས་རྟོགས་བྱུང་བ་རེད། བརྟག་དཔྱད་བྱས་པ་བརྒྱུད་མཱ་ཆེ་གེ་མོས་ཉོས་པའི་སྤུས་རྟགས་ལ་བརྫུས་པའི་རྡོ་ཐ་དེ་དག་ཞིང་ཆེན་ཕྱིའི་རིམ་པ་གཉིས་པའི་སྡེབ་ཚོང་ཚོང་པ་ཆིའུ་ཆེ་གེ་མོས་བཙོངས་པ་ཤེས་རྟོགས་བྱུང་བ་རེད། ཆིའུ་ཆེ་གེ་མོས་ཚོང་གཉེར་ཆོག་འཐུས་ལག་ཁྱེར་མེད་པའི་གནས་ཚུལ་འོག་བརྒྱ་ཟོག་སྒོ་རྩིས་ཚོང་ཁང་ཞིག་གཉེར་སྐྱོང་བྱེད་པ་མ་ཟད། དྲ་རྒྱའི་ལས་སྟེགས་བརྒྱུད་རྒྱལ་ཡོངས་ས་གནས་ཁག་ལ་སྦྲག་ཐོག་མྱུར་སྐྱེལ་བསྐུར་ནས་སྤུས་རྟགས་ལ་བརྫུས་པའི་རྡོ་ཐ་འབོར་ཆེན་ཕྱིར་ཚོང་བྱེད་ཀྱི་ཡོད།
   གྲོང་དབུས་སྤྱི་བདེ་ཡན་ལག་ཅུས་ཀྱིས་འཕྲལ་དུ་ཆེད་དོན་ཚོགས་ཆུང་བཙུགས་ནས་གྱོད་དོན་མྱུལ་སྒྲུབ་ལས་དོན་སྤེལ་ཞིང་། ཟླ་གཉིས་ལྷག་ཙམ་རིང་ཁུངས་སྣེ་འཚོལ་བ་དང་རྗེས་སྙེག་བྱས་པ་བརྒྱུད། མཐར་གྱོད་གཞི་སྒྲུབ་མཁན་མི་དམངས་ཉེན་རྟོག་པས་ཉེས་ཅན་གཏེ་པོ་ཀྲང་ཆེ་གེ་མོའི་དྲ་རྒྱ་ནས་རྡོ་ཐ་རྫུན་མ་འབོར་ཆེན་ཕྱིར་ཚོང་བྱེད་སྟངས་དང་གཞི་རྩའི་རྩ་འཛུགས་ཀྱི་སྒྲོམ་གཞི་རྩད་གཅོད་ཐུབ་ཡོད། དེ་རྗེས་ཀོང་ཏུང་ཀྲུའུ་ཧའེ་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་འོག་ཆེད་དོན་ཚོགས་ཆུང་གིས་སྤུས་རྟགས་ལ་བརྫུས་པའི་རྡོ་ཐ་ཚོང་གཉེར་བྱེད་མཁན་ཉེས་གསོག་དོགས་ཅན་8ཚང་མ་འཛིན་བཟུང་བྱས་པ་དང་ཉེས་གསོག་ཚོགས་པ་དེའི་ཕྱིར་ཚོང་དྲ་རྒྱ་ཡང་བདེ་བླག་ངང་མེད་པར་བཟོས་ཡོད།
    འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་8ཀྱིས་རང་ཉིད་ཀྱི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། ཉེན་རྟོག་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར། ཉེས་གསོག་དོགས་ཅན་8ཀྱིས་རྡོ་ཐ་ཚོང་གཉེར་གྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་རྡོ་ཐ་ཆེད་ཚོང་ཆོག་འཐུས་ལག་ཁྱེར་མེད་པར་ཕྱི་རྒྱལ་དང་དེ་བཞིན་ཀོང་ཤིས་སོགས་ནས་སྤུས་རྟགས་ལ་བརྫུས་པའི་རྡོ་ཐ་ཉོས་རྗེས་རྒྱལ་ཡོངས་ས་གནས་ཁག་གི་རིམ་པ་གཉིས་པའི་སྡེབ་ཚོང་ཚོང་པར་བཙོངས་ནས་ཁེ་ཕན་རག་ཐབས་བྱེད་ཀྱི་ཡོད། མིག་སྔར་གྱོད་གཞི་དེར་སྔར་བཞིན་ཞིབ་གཅོད་བྱེད་བཞིན་ཡོད།