འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་16ཉིན།

༄༅།།2024ལོར་མཚོ་སྔོན་གློག་དྲར་མ་དངུལ་སྒོར་དུང་ཕྱུར་88.2བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་16ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་4ཚེས་12ཉིན་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་བསྐྲུན་པའི་ཀྲི་ཆོས་ཆན་ཧྥུའུ་330ཟིན་པའི་གློག་ལམ་ལས་གྲྭ་ཨར་སྐྲུན་སླར་གསོ་བྱེད་འགོ་ཚུགས་པ་དང་ཆབས་ཅིག མཚོ་སྔོན་གློག་དྲ་འཛུགས་སྐྲུན་རྣམ་གྲངས་ཁྱོན་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱུང་ནས་ཞིང་ཆེན་ཡོངས་ཀྱི་གློག་དྲ་གཙོ་བོའི་སྒྲོམ་གཞི་གཙོ་བོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གློག་སྒྱུར་དྲ་བའི་ལས་གྲྭ་འཛུགས་སྐྲུན་གྱི“མཐོ་རླབས་གཉིས”བསུས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་མཚོ་སྔོན་གྱི་གློག་དྲར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་88.2ཟིན་ནས་ཉེ་བའི་ལོ་ཤས་རིང་གི་གློག་དྲར་མ་དངུལ་གཏོང་ཚད་མཐོ་ཤོས་བཏོད་ཡོད། སྔོན་དཔག་བྱས་ན་ས་གནས་ཀྱི་དཔལ་འབྱོར་སྒོར་དུང་ཕྱུར་170ཙམ་འཕར་བར་སྐུལ་ཁྲིད་ཐུབ་ལ་ལས་ཞུགས་ལས་གནས་ཁྲི་2.6ཡན་མཁོ་འདོན་བྱེད་ཐུབ།
   འདི་ལོ་ཀུང་སི་དེས་གྲངས་འཛིན་རིག་ནུས་ཅན་ལ་བརྟེན་ནས་གློག་དྲ་སྲ་བརྟན་དང་གློག་ཤུགས་མ་ལག་གསར་འཛུགས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། ལས་གྲྭའི་རྣམ་གྲངས་536གསར་སྐྲུན་དང་མུ་མཐུད་འཛུགས་སྐྲུན་བྱ་རྩིས་ཡོད་ཅིང་། འདི་ལོ་རྣམ་གྲངས་332ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་དང་ལས་གྲྭའི་རྣམ་གྲངས་ཐོན་སྐྱེད་བྱེད་ཚད་62%ལས་བརྒལ་རྒྱུ་ཡིན་པ་རེད། དེའི་ནང་སྔོན་དཔག་བྱས་ན་ཆན་ཧྥུའུ་35དང་དེ་ཡན་གྱི་ལས་གྲྭའི་རྣམ་གྲངས་63ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་དང་། གློག་སྐུད་བསྡོམས་རིང་ཚད་སྤྱི་ལེ་2059.7ཁྲིད་རྒྱུ་དང་གློག་སྒྱུར་ཤོང་ཚད་ཆན་ཧྥུའུ་ཨན་ཁྲི་1677.5ཟིན་པ་བྱེད་རྒྱུ་རེད།
   གློག་དྲ་གཙོ་བོ་འཛུགས་སྐྲུན་ཐད་ཀུང་སི་དེས་ཆན་ཧྥུའུ་330དང་དེའི་ཡན་གྱི་ལས་གྲྭའི་རྣམ་གྲངས་47ལག་བསྟར་བྱས་ནས་ནུས་རྒྱུ་གསར་པ་གསར་སྤེལ་བེད་སྤྱོད་དང་། གློག་དྲ་བདེ་འཇགས་འཁོར་སྐྱོད། གློག་ཤུགས་བརྟན་པོའི་ངང་མཁོ་སྤྲོད་བཅས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྩིས་ཡོད།
   གློག་སྒྱུར་དྲ་བ་འཛུགས་སྐྲུན་ཐད་ཀུང་སི་དེས་ཆན་ཧྥུའུ་110དང་དེའི་མན་གྱི་ལས་གྲྭའི་རྣམ་གྲངས་488ལག་བསྟར་བྱས་ཏེ། གློག་སྒྱུར་དྲ་བ་འཁོར་སྐྱོད་དམིགས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་གཞི་ཁྱོན་ཆེ་བའི་ཁྱབ་འགྱེད་འོད་ཤུགས་དང་། གློག་སྒུལ་རླངས་འཁོར། དྲོད་ལེན་དྲོད་གཏོང་སོགས་ཀྱི་གློག་ཤུགས་ཐེག་ཚད་མང་དུ་སོང་བའི་དགོས་མཁོ་བསྐངས་ནས་སྲོལ་རྒྱུན་གློག་སྒྱུར་དྲ་བ་དེང་རབས་ཀྱི་རིག་ནུས་གློག་སྒྱུར་དྲ་བའི་ཕྱོགས་སུ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་རྩིས་ཡོད་པ་རེད། གློག་སྒྱུར་དྲ་བ་སྒྱུར་བཀོད་མཐོར་གཏོང་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་མི་ཁྲི་52.9ལ་ཕན་པ་ཐོབ་རྒྱུ་ཡིན་ཞིང་། དེའི་ནང་ཟི་ལིང་གྲོང་ཁྱེར་གྱིས་གྲངས་འཛིན་ཅན་གྱི་གྲོང་ཁྱེར་གྱི་གློག་སྒྱུར་དྲ་བ་འཛུགས་སྐྲུན་བྱེད་འགོ་བཙུགས་ནས་གློག་སྒྱུར་ཕྱོགས་ཀྱི་གློག་ཤུགས་མ་ལག་གསར་པ་འཛུགས་པར་གསར་གཏོད་འཚོལ་ཞིབ་བྱ་རྒྱུ་དང་། མཚོ་ཤར་གྲོང་ཁྱེར་དགོན་ལུང་རྫོང་པན་ཡན་གྲོང་ཚོར་ཞིང་ཆེན་ཡོངས་ཀྱི“ཐཱན་མེད་གྲོང་རྡལ”ཐོག་མ་དེ་བསྐྲུན་ནས་ས་མཐོའི་གྲོང་གསེབ་ཀྱི་ལྗང་མདོག་ནུས་སྤྱོད་དཔེ་སྟོན་དཔེ་མཚོན་གཏོད་རྒྱུ་རེད།