འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་15ཉིན།

༄༅།།ལྐོག་རྔན་རྒྱུ་ནོར་སྒོར་དུང་ཕྱུར་1.29ལྷག་བླངས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་15ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་12ཉིན། ཧྲན་ཞི་་ཞིང་ཆེན་ཏ་ཐུང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོར་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས། ཧྲན་ཏུང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་སུན་ཧྲུའུ་ཐའོ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་ཞིབ་གཅོད་བྱས་པ་རེད། 
     ཏ་ཐུང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བརྒྱབ་ནས་སྐྱོན་འཛུགས་བྱས་དོན། 2001ལོ་ནས་2023ལོའི་བར། ཞུ་སྦྱོར་ཕྱི་མ་བ་སུན་ཧྲུའུ་ཐའོ་ཡིས་ཧྲན་ཏུང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དང་། ཧྲན་ཏུང་ཞིང་ཆེན་ཝུའེ་ཧའེ་གྲོང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན། གྲོང་ཨུའི་ཧྲུའུ་ཅི། ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་གྱི་འགོ་འཛིན། ཧྲན་ཏུང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་སོགས་ཀྱི་ལས་གནས་འགན་འཁུར་བའི་སྟབས་བདེ་སྤྱད་པ་དང་། དེ་བཞིན་འགན་དབང་དང་གོ་གནས་ལས་གྲུབ་པའི་སྟབས་བདེར་བརྟེན་ནས་འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ཁེ་ལས་གཉེར་སྐྱོང་དང་། ལས་སྒོ་སྒྲུབ་གཉེར། གོ་གནས་ལེགས་སྒྲིག་སོགས་ཀྱི་དོན་དག་ཐད་རོགས་རམ་མཁོ་འདོན་བྱས་པ་དང་། ཁྲིམས་འགལ་ངང་བླངས་པའི་རྒྱུ་ནོར་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་1.29ལྷག་ཙམ་ཟིན་ཡོད། དེའི་ནང་སྒོར་ཁྲི་7338ལྷག་ཙམ་གྱོད་གཞི་བྱུང་རག་བར་དངོས་སུ་ཐོབ་མེད། ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་རྔན་བླངས་པའི་བྱས་ཉེས་ལ་བརྟེན་ནས་སུན་ཧྲུའུ་ཐའོ་ཡི་ཉེས་འགན་བདའ་འདེད་གཏོང་རྒྱུའི་རེ་བ་བཏོན་ཡོད། 
     ཁྲིམས་རའི་འདྲི་གཅོད་ཁྲོད། ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྟན་པ་དང་། ཞུ་སྦྱོར་ཕྱི་མ་བ་སུན་ཧྲུའུ་ཐའོ་དང་ཁོང་གི་དག་འབུད་བྱེད་མཁན་གྱིས་ངོ་ཐུག་བདེན་དཔང་བྱས། ཁྲིམས་རའི་གཙོ་སྐྱོང་འོག་ཞུ་གཏུག་དང་དག་འབུད་ཕྱོགས་གཉིས་པོས་བསམ་འཆར་གང་ལེགས་བཏོན་ཡོད། སུན་ཧྲུའུ་ཐའོ་ཡིས་མཐའ་མའི་གསལ་བཤད་བྱས་པ་མ་ཟད། ཁྲིམས་རའི་ཐོག་ཉེས་པ་ངོས་ལེན་དང་འགྱོད་བཤགས་བྱས་པ་རེད། 
     ཁྲིམས་རའི་འདྲི་གཅོད་མཇུག་ཏུ་ཁྲིམས་ས་འཚོག་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་ཤིང་། དུས་ཚོད་བདམས་ནས་བཅད་ཁྲ་ཁྱབ་བསྒྲགས་བྱ་རྒྱུ་རེད། 
     མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན། ལས་རིགས་ཁག་གི་མང་ཚོགས་བཅས་མི་40ལྷག་ཙམ་གྱིས་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་གནང་བ་རེད།