འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་15ཉིན།

༄༅།།སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་བརྗོད་དོན། འགན་སྲུང་རང་བཞིན་གྱི་སྡོད་ཁང་ཡག་པོ་རྒྱག་གི་ཡིན།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་15ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་ཏེ་གྲོང་ཁྱེར་ལས་དོན་གྱི་འཕེལ་རིམ་ཤེས་རྟོགས་བྱས་ནས་འབྲེལ་ཡོད་ཀྱི་བསམ་འཆར་དང་གྲོས་འགོ་བསྡུས་པ་དང་འབྲེལ་ལས་འགན་བཀོད་སྒྲིག་ཀྱང་བྱས་ཤིང་། ཚོགས་འདུའི་ཐོག་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་དང“ཁྲོམ་ར་དང་འགན་སྲུང་ཟུང་དུ་འབྲེལ་བའི”སྡོད་ཁང་མཁོ་སྤྲོད་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཕོགས་ལེན་མཁན་ཚོགས་སྤྱིའི་ཁ་ཚ་དགོས་གཏུགས་ཀྱི་སྡོད་ཁང་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས་ལུགས་བསྟན་ཡོད།
     ཚོགས་འདུའི་ཐོག་ས་གནས་ཁག་གིས་སྲིད་ཇུས་འདོན་པ་དང་། རྣམ་གྲངས་འཛུགས་སྐྲུན། “སྡོད་ཁང་ཡག་པོ”རྒྱག་པ། སྡོད་ཁང་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་བཅས་ལ་དམ་འཛིན་བྱས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། ལྗང་མདོག་དང་། ཐཱན་ཉུང་། རིག་ནུས། བདེ་འཇགས་བཅས་ལྡན་པའི་སྡོད་ཁང་ཡག་པོ་རྒྱག་པའི་ཚད་གཞི་གཞིར་བཟུང་། ཁང་པའི་བཀོད་པ་ཇུས་འགོད་དང་། ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་པའི་ཞབས་ཞུ་མཁོ་སྤྲོད་བཅས་ཡག་པོ་བྱས་ཏེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཡག་པོ་བརྒྱབ་ནས་མང་ཚོགས་སྡོད་རྒྱུར་འཕྲོད་པ་དང་། བེད་སྤྱོད་སྟབས་བདེ་དང་བདེ་འཇགས་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
     མིག་སྔར། ས་གནས་མང་པོས་འགན་སྲུང་རང་བཞིན་གྱི་སྡོད་ཁང་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་པ་དང་། འཇུག་འགྲིལ་བ། བགོས་འཚོང་བཅས་ལ་སྐུལ་འདེད་གཏོང་བར་དམ་འཛིན་ཤུགས་ཆེན་བྱས་ཏེ། ཕོགས་ལེན་མཁན་ཚོགས་སྤྱིའི་སྡོད་ཁང་གི་དཀའ་ངལ་ཐག་གཅོད་བྱེད་རོགས་གང་ཐུབ་བྱས་ཡོད། ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གྱིས་འདི་ལོར་གྲབས་འཛུགས་བྱས་པའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་རྣམ་གྲངས་12ནས་3ལས་འགོ་བཙུགས་པ་དང་། དེ་བྱིངས་ཀྱི་རྣམ་གྲངས་གཞན་དགུ་པོ་ཟླ་དྲུག་པའི་ཟླ་མཇུག་གོང་ལས་འགོ་འཛུགས་རྒྱུ་ཡིན་པ་རེད། ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་བགོས་འཚོང་རྣམ་པའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་རྣམ་གྲངས་ཐོག་མར་རེས་སྐོར་དང་པོའི་རེ་ཞུ་དང་ལེན་བྱེད་འགོ་ཚུགས་པ་དང་། མཛེས་བཟོ་བྱས་པའི་ཁང་པ་700ལྷག་ཙམ་བཏོན་པ་དེ་སྡོད་ཁང་དང་ཡོང་འབབ་ལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་དང་དེ་བཞིན་ཕོགས་ལེན་མཁན་ཚོགས་སྤྱི་དཀྱུས་མར་གཙོ་བོར་ཕྱོགས་རྒྱུ་ཡིན་པ་རེད།
     (པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)