འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་15ཉིན།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་པ།

——ཝང་ཧུའུ་ཉིང་གིས་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་15ཉིན། 12:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     “འབྲུ་འདེབས་ཞིང་པ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་འབྲུ་འདེབས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བར”དམིགས་ཏེ་གྲོས་མོལ་སྲིད་གླེང་བྱས་པ། 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་བདུན་པ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་འབོར་དུང་ཕྱུར་བཅུ་གྲངས་ཀྱི་ཟ་མའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་ལག་བསྟར། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་མཐའ་འཁྱོངས་བཅས་བྱས་ནས། རང་རྒྱལ་གྱི་འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། མི་དམངས་སྲིད་གྲོས་ཀྱིས་འབྲུ་རིགས་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གང་ལེགས་བཏོན་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་ཆེད་ཇུས་དང་ནུས་པ་འདོན་དགོས།
     ཝང་ཧུའུ་ཉིང་གིས་བསྟན་དོན། འབྲུ་རིགས་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཡིན་པས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཚུགས་གནས་མཐོ་རུ་གཏོང་བ་དང་མཐོང་རྒྱ་ཆེ་རུ་གཏོང་དགོས་པ་མ་ཟད། འབྲུ་རིགས་བདེ་འཇགས་ཁྲོད་ཀྱི་ཡུན་རིང་རང་བཞིན་དང་འཕེལ་ཕྱོགས་རང་བཞིན་གྱི་གནད་དོན་ལ་དམིགས་པ་དང་། འབྲུ་འདེབས་ཞིང་པ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོས་འབྲུ་རིགས་དམ་འཛིན་དང་འབྲུ་འདེབས་ཀྱི་ཧུར་བརྩོན་རང་བཞིན་ལ་ཤུགས་རྐྱེན་བཟོ་བའི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ལ་དམིགས་པ། ཞིབ་འཇུག་བྱས་ནས་རིགས་པས་ཁུངས་སྐྱེལ་དང་ཐབས་འདོན་ཇུས་འབུལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་བརྟན་པོ་བྱེད་པར་དེ་བས་རམ་འདེགས་བྱེད་དགོས། ཀྲུང་གུང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ནས་བརྟག་ཞིབ་སྲིད་གླེང་དང་དམངས་གཙོའི་ལྟ་སྐུལ་ལས་དོན་དང་ཟུང་འབྲེལ་བྱས་ཏེ་སྲིད་ཇུས་དོན་འཁྱོལ་རིང་ཐོན་པའི་གནས་ཚུལ་དང་གནད་དོན་དུས་ཐོག་ཏུ་གོང་ཞུ་བྱེད་དགོས་པ་མ་ཟད། ལས་དོན་ལེགས་བཅོས་ལ་ཤུགས་སྣོན་རྒྱག་པའི་བསམ་འཆར་དང་གྲོས་འགོ་ཡང་འདོན་དགོས། དུས་རབས་གསར་པའི་རང་རྒྱལ་གྱི“ཞིང་གསུམ”ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས་ངོ་སྤྲོད་དང་། ཏང་དང་རྒྱལ་ཁབ་ཀྱི་ཞིང་སྟོབས་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་ཁག་དང“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་དྲིལ་བསྒྲགས་གསལ་འགྲེལ་རྒྱ་ཁྱབ་བྱས་ཏེ་ཞིང་ལས་ལ་དོ་ཁུར་དང་། གྲོང་གསེབ་ལ་སེམས་ཁུར། ཞིང་པར་གཅེས་སྐྱོང་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས།
     རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་ཐའོ་ལིན་དང་སུན་ཏུང་ཧྲེང་སོགས་དང་། དེ་བཞིན་འབྲུ་འདེབས་དུད་ཚང་ཆེན་པོ་ཀའེ་ཡུང་ཧྥེང་དང་ཅང་ཞང་ཧུང་། རིགས་གཅིག་མཁས་ཅན་གྱི་འཐུས་མི་ཅིན་ཝུན་ཁྲེང་བཅས་ཀྱིས་གཏམ་བཤད་གནང་བ་རེད། ཚང་མས་འབྲུ་འདེབས་ཞིང་པ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཧུར་སེམས་སྐུལ་སློང་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་འགན་བཅོལ་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དེང་རབས་ཅན་གྱི་འབྲུ་རིགས་ཐོན་ལས་མ་ལག་སྐྲུན་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་དགོས་པ་མ་ཟད། འབྲུ་རིགས་གཞི་ཁྱོན་འོས་འཚམ་གཉེར་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་འདེབས་གསོ་ཁྱབ་གདལ་གཏོང་བ། འབྲུ་རིགས་འདེབས་འཛུགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ“རྒྱལ་ཁབ་ཀྱི་འབྲུ་རིགས་ཐོན་འབབ་དང་ཞིང་པའི་ཡོང་འབབ་གཉིས་ཀ་འཕར་བ”བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
     (པ་སངས་ཀྱིས་བསྒྱུར། པ་སངས་དང་སྐལ་མཆོག་གིས་ཞུས)