འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་15ཉིན།

༄༅།།ངོགས་གཉིས་འབྲེལ་བའི་སྤྱི་ཡོངས་ལ་སྟངས་འཛིན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཀྱི་འོད་སྟོང་གསར་པ་མུ་མཐུད་རྩོམ་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་15ཉིན། 12:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
     “ངོགས་གཉིས་ཀྱི་སྤུན་ཟླར་ཐུན་མོང་གི་ཁྲག་རྒྱུན་དང་། ཐུན་མོང་གི་རིག་གནས། ཐུན་མོང་གི་ལོ་རྒྱུས་བཅས་ཡོད། དེ་བས་གལ་ཆེ་བ་ཞིག་ནི་ང་ཚོར་མི་རིགས་ལ་ཐུན་མོང་གི་འགན་འཁྲི་དང་འབྱུང་འགྱུར་ལ་ཐུན་མོང་གི་རེ་སྒུག་ཡོད་པ་དེ་རེད” ཟླ་4ཚེས་10ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ“ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་དང་ཕུགས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་ངོགས་གཉིས་ཀྱི་འབྲེལ་བའི་སྤྱི་ཡོངས་ཁོང་དུ་ཆུད་པར་བྱེད་དགོས”ཞེས་ནན་བཤད་གནང་བ་དང་། “ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ”དང“ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གི་བདེ་རྩ་བློ་བརྟན་འགྱུར་མེད་ངང་མཉམ་དུ་གཏོད་པ” “ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་བློ་བརྟན་འགྱུར་མེད་ངང་བརྟན་པོར་འཛུགས་པ” “ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་བློ་བརྟན་འགྱུར་མེད་ངང་མངོན་འགྱུར་བྱེད་པ”བཅས་བྱས་ནས། ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་བ་དེ་ནི་དུས་རབས་གསར་པའི་ཐའེ་དབན་ལས་དོན་གྱི་རྩ་བའི་སྲུང་བརྩི་ཞུ་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད་ཅེས་ཁ་གསལ་བཏོན་གནང་ཡོད།
     དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས་སྤུན་ཟླ་ཐའེ་དབན་བ་དང་ཐུག་འཕྲད་ཐེངས་དང་པོ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་སྟེ། ངོགས་གཉིས་རྒྱལ་ཁབ་གཅིག་གི་ཁོངས་སུ་གཏོགས་པ་དང་མི་རིགས་གཅིག་གི་ལོ་རྒྱུས་ཀྱི་དོན་དངོས་གསལ་སྟོན་གནང་བ་དང་། “རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བའི་འདོད་བློ་དང་ཆོད་སེམས་བརྟན་པོ་ཁྱབ་བསྒྲགས་གནང་བ། ངོགས་གཉིས་ཀྱི་སྤུན་ཟླའི་ཁེ་ཕན་དང་བདེ་རྩ་ཆེ་རུ་གཏོང་བའི་གནས་ཚུལ་དང་བསམ་ཚུལ་དངོས་མངོན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དོན་སྙིང་གལ་ཆེན་ནན་བཤད་གནང་བ། ལག་གདང་སྦྲེལ་བ་དང་བློ་སེམས་གཅིག་མཐུན་གྱིས་མི་རིགས་བསྐྱར་དར་མངོན་འགྱུར་བྱ་རྒྱུའི་འབོད་སྐུལ་རླབས་པོ་ཆེ་གནང་བ། ངོགས་གཉིས་ཀྱི་གཞོན་ནུ་ཚོར་སེམས་ཁུར་གཅེས་སྐྱོང་དང་རེ་འདུན་ནན་པོ་འདོན་ལུགས་མཚོན་པ། མིག་སྔའི་ངོགས་གཉིས་ཀྱི་འབྲེལ་བར་བརྟན་བརླིང་རང་བཞིན་དང་དྲང་ནུས་བསྣན་པ། ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན་པ་བཅས་རེད།
     ལོ་རྒྱུས་ནི་སློབ་གཞི་ཡག་ཤོས་ཤིག་རེད། ངོགས་གཉིས་ཀྱི་སྤུན་ཟླ་ཚང་མ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་5000ལྷག་ཙམ་གྱི་ལོ་རྒྱུས་ཡུན་རིང་ཁྲོད། དུས་རབས་རིམ་བྱུང་གི་མེས་པོ་རྣམས་ཐའེ་དབན་དུ་གནས་སྤོས་པ་དང་དེ་གར་འཚོ་གནས་བྱས་པ་བཀོད་ཡོད་པ་དང་། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ཐུན་མོང་ཐོག་ཕྱི་ཕྱོགས་ཀྱི་བརྙས་བཅོས་བཀག་འགོག་དང་ཐའེ་དབན་སླར་གསོ་བྱས་པ་བཀོད་ཡོད། ཀྲུང་ཧྭ་མི་རིགས་ཀྱིས་བསྐྱོད་མྱོང་བའི་ལམ་བུའི་ཐོག་མཚོ་འགག་ངོགས་གཉིས་ཀྱི་ཁ་འབྲལ་ཐབས་མེད་པའི་ལོ་རྒྱུས་བཀོད་པ་དང་ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཁྲག་རྒྱུན་འབྲེལ་བ་ལྟར་གྱི་ལོ་རྒྱུས་ཀྱི་དོན་དངོས་བཀོད་ཡོད། ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་ནོར་བུའི་གླིང་ཕྲན་ཐའེ་དབན་ཚུད་པའི་མེས་རྒྱལ་གྱི་མངའ་ཁོངས་ཐུན་མོང་ཐོག་བསྐྲུན་པ་དང་། ཀྲུང་གོའི་ལོ་རྒྱུས་ཐུན་མོང་ཐོག་བརྩམས་པ། ཀྲུང་ཧྭའི་རིག་གནས་ཐུན་མོང་ཐོག་བཏོད་པ། མི་རིགས་ཀྱི་སྙིང་སྟོབས་ཐུན་མོང་ཐོག་སྐྱེད་སྲིང་བཅས་བྱས་ཡོད། ཐུན་མོང་གི་ཁྲག་རྒྱུན་དང་། ཐུན་མོང་གི་རིག་གནས། ཐུན་མོང་གི་ལོ་རྒྱུས་བཅས་ལས་ང་ཚོར་བསྟན་དོན། “ངོགས་གཉིས་ཀྱི་སྤུན་ཟླ་ཚང་མ་ཀྲུང་གོ་བ་ཡིན་པས། སེལ་མི་ཐུབ་པའི་གཅོང་ནད་མེད་ལ། གྲོས་བསྡུར་བྱེད་མི་ཐུབ་པའི་གནད་དོན་ཡང་མེད། སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་ང་ཚོ་ཁ་ཕྲལ་དུ་གཏོང་མི་ཐུབ”
     མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བ་ནི་དུས་ཀྱི་འཁོར་ཕྱོགས་དང་། བདེན་དོན་གནས་ས། དམངས་སེམས་གཏད་ཕྱོགས་བཅས་རེད། ཐའེ་དབན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་དང་། ཐའེ་དབན་གྱི་ལོ་རྒྱུས་ནི་ཀྲུང་གོའི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན། མངའ་ཁོངས་དབྱེ་མི་རུང་བ་དང་། རྒྱལ་ཁབ་ཟང་ཟིང་དུ་གཏོང་མི་རུང་བ། མི་རིགས་ཁ་ཐོར་དུ་གཏོང་མི་རུང་བ། ཤེས་དཔལ་མཚམས་ཆད་མི་རུང་བ་བཅས་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་གི་དད་སེམས་རེད། སྟོབས་ལྡན་དང་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ནི་ཐོག་མཐའ་བར་གསུམ་དུ་སྤུན་ཟླ་ཐའེ་དབན་བ་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ལས་དབང་ལ་ཐུག་ཡོད། མཚོ་འགག་གི་བར་ཐག་གིས་ངོགས་གཉིས་ཀྱི་སྤུན་ཟླ་ཚོའི་ཤ་རུས་འདྲེས་པ་ལྟར་གྱི་བརྩེ་དུང་འགོག་མི་ཐུབ་ལ། ལམ་ལུགས་མི་འདྲ་བས་ངོགས་གཉིས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ལ་གཏོགས་པའི་དོན་དངོས་ལ་འགྱུར་བ་གཏོང་མི་ཐུབ། ཕྱི་ཕྱོགས་ཐེ་ཇུས་ཀྱིས་ཁྱིམ་ཚང་དང་རྒྱལ་ཁབ་མཉམ་འཛོམས་ཀྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་བཀག་འགོག་བྱེད་མི་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་ཁ་ཕྲལ་དུ་མི་གཏོང་བ་དང་ངོགས་གཉིས་ཀ་ཀྲུང་གོ་བ་དང་ཁྱིམ་ཚང་གཅིག་ཡིན་པའི་ངོས་འཛིན་གཅིག་མཐུན་བྱས་ཚེ། ངོགས་གཉིས་ཀྱི་སྤུན་ཟླ་རྣམས་མཉམ་དུ་ཁྱིམ་ཚང་གི་དོན་དག་སྔོན་ལ་འབྲེལ་གཏུག་སྤེལ་རེས་བྱས་ཏེ། རྒྱུས་མངའ་ཟབ་ཏུ་གཏོང་བ་དང་། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། འགལ་ཟླ་སེལ་བ། ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཡོང་ཐབས་བཅས་བྱེད་ཐུབ” ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་བྱས་ནས“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་ཀྲུང་གོ་བ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་དགོས་ཞེས་གསུངས་པ་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་ངོགས་གཉིས་ཀྱི་སྤུན་ཟླའི་འབད་འཐབ་དང་རྔུལ་ཆུ་འདུས་ཡོད་པས། ངོགས་གཉིས་ཀྱི་སྤུན་ཟླས་སེམས་མཐུན་མཉམ་གཏོད་དང་མུ་མཐུད་འབད་འཐབ་བྱེད་དགོས” ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གི་བདེ་རྩ་མཉམ་དུ་གཏོད་པའི་དམིགས་ཡུལ་དེ་ནི་བརྗིད་རླབས་ཆེ་ལ་བབ་ཆགས་པ་ཞིག་རེད། མཐར་གཏུགས་ནས་བཤད་ན། ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མངོན་འགྱུར་བྱས་ཏེ་སྤུན་ཟླ་ཐའེ་དབན་བ་ཚུད་པའི་ཀྲུང་གོ་བ་ཡོངས་འཚོ་བ་དེ་བས་ཡག་པ་སྐྱེལ་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤུན་ཟླ་ཐའེ་དབན་པའི་བདེ་སྐྱིད་ལ་བསམ་བློ་བཏང་ནས། སྤུན་ཟླ་ཐའེ་དབན་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གོ་སྐབས་སྔོན་ལ་མཉམ་སྤྱོད་དང་སྤུན་ཟླ་ཐའེ་དབན་བ་དང་མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན། ངོགས་གཉིས་ཀྱི་སྤུན་ཟླས་ཀྲུང་ཧྭའི་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་རང་རྟོགས་ངང་ཀྲུང་ཧྭའི་རིག་གནས་ཀྱི་སྲུང་སྐྱོང་བ་དང་། རྒྱུན་འཛིན་བ། དར་སྤེལ་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་མོས་སེམས་དང་། གཏོགས་སེམས། གཟི་བརྗིད་ཀྱི་བསམ་པ་བཅས་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས། མི་རིགས་ཀྱི་བདེན་དོན་བརྟན་པོ་བསྲུངས་ནས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ཏེ། བློ་གཅིག་སེམས་གཅིག་གིས་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་དགོས།
     གཞོན་ནུ་ནི་རྒྱལ་ཁབ་ཀྱི་རེ་བ་དང་མི་རིགས་ཀྱི་འབྱུང་འགྱུར་ཡིན། ངོགས་གཉིས་ཀྱི་གཞོན་ནུ་བཟང་ན་ངོགས་གཉིས་ཀྱི་འབྱུང་འགྱུར་གཞི་ནས་བཟང་ངེས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངོགས་གཉིས་ཀྱི་གཞོན་ནུ་ཚོར“ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་ཡག་པོ་སྤྲད་དེ་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས”ཞེས་སྐུལ་ལྕག་གནང་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། ངོགས་གཉིས་ཀྱི་གཞོན་ནུ་རྣམས་ལ་བྱས་ན་བྱེད་རིན་ཆེ་བ་དང་མདུན་ལམ་ཆེན་པོ་ཡོད། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ཀྲུང་གོ་བ་ཞིག་བྱེད་པའི་བློ་སྟོབས་དང་། སྙིང་སྟོབས། གདིང་ཤུགས་བཅས་ཆེ་རུ་བཏང་ནས་མི་རིགས་ཀྱི་བདེན་དོན་བརྟན་སྲུང་དང་། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་། དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་བ། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གི་བདེ་རྩ་མཉམ་དུ་གཏོད་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཀྱི་འོད་སྟོང་གསར་པ་མུ་མཐུད་རྩོམ་དགོས།
     (ཉི་དོན་དང་པ་ཕན་གྱིས་སྒྱུར་ཞུས་བྱས)