འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་15ཉིན།

༄༅།།ཞི་ཅིན་ཕིང་གིས་ཕེ་ལེ་ཀེ་ལི་ཉིར་གློག་འཕྲིན་བཏང་ནས་ཁོང་སི་ལོ་ཝ་ཁེ་ཡའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་15ཉིན། 12:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕི་ཏེ·ཕེ་ལེ་ཀེ་ལི་ཉི་ལ་གློག་འཕྲིན་བཏང་ནས་ཁོང་སི་ལོ་ཝ་ཁེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སི་ལོ་ཝ་ཁེ་ཡའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་མོ་ལས་དུས་ཡུན་རིང་པོ་སོང་ཡང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་སྔར་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་སིའི་འབྲེལ་བར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་མདུན་ལམ་ཆེན་པོ་ལྡན་ཡོད། འདི་ལོ་ནི་ཀྲུང་སི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་པས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་གོ་སྐབས་གལ་ཆེན་གསར་པ་འཕྲད་ཡོད། ངས་ཀྲུང་སིའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་བདམས་ཐོན་བྱུང་བའི་ཙུང་ཐུང་ཕེ་ལེ་ཀེ་ལི་ཉི་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ཆེ་བ་སྐྲུན་འདོད་ཡོད།
     (དབང་སྒྲོན་སྐྱིད་ཀྱིས་བསྒྱུར། བདེ་དབང་གིས་ཞུས)