འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་15ཉིན།

༄༅།།མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་རླུང་གློག་འཕེལ་རྒྱས་ཀྱི་ལམ་བུ་བཏོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་15ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཀྲང་ཧུང་ཤུས།
    མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ནས་ནུབ་ཕྱོགས་སུ་སྐྱོད་ཚེ་བརྗིད་ཆགས་ཡིད་དུ་འོང་བའི་མཛེས་ལྗོངས་མིག་ལམ་དུ་མངོན།
    དེ་ནས་སླར་ཡང་སྤྱི་ལེ་50ཙམ་བསྐྱོད་ཚེ་རླུང་གློག་འཕྲུལ་ཆས་རེ་རེ་ལྟ་སྲུང་བ་ལྟར་ཀྲོང་ངེར་གནས་ཡོད། ཆུ་ཚོད་2སོང་རྗེས་ད་ཐེངས་ཀྱི་བཅར་འདྲི་བྱ་ཡུལ་སྟེ། རྨ་ཆུ་ཀུང་སི་མཚོ་ལྷོ་རླུང་གློག་ཀུང་སིའི་མོག་ཝོས་རླུང་གློག་ར་བར་འབྱོར། རླུང་གློག་ར་བ་དེ་གསེར་ཆེན་རྫོང་ཆོས་རྗེ་ཤང་གི་ས་ཁོངས་སུ་གནས་ཤིང་ནུས་མང་ཕན་གསབ་ཀྱི་གཅིག་འདུས་ལས་གྲྭའི་400MWདང་གསེར་ཆེན་450MWཡི་རླུང་གློག་ར་བ་ལས་གྲུབ་པ་དང་། 2018ལོའི་ཟླ་12ཚེས་31ཉིན་འཕྲུལ་ཚན་དང་པོ་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་ཡོད།
    མོག་ཝོས་རླུང་གློག་ར་བའི་ལྟེ་བའི་ཚོད་འཛིན་ཁང་དུ་སྐྱོད་སྐབས། གློག་ཀླད་རེ་རེའི་བརྙན་ཤེལ་མདུན་དུ་ལས་དོན་མི་སྣས་གྲངས་གཞི་ནན་ཏན་ངང་ཟིན་ཐོར་འགོད་བཞིན་ཡོད། “མིག་སྔར་རླུང་གློག་ར་བ་ཧྲིལ་པོར་འཕྲུལ་འཁོར་རྐྱང་པའི་ཤོང་ཚད་2.22MWཟིན་པའི་འཕྲུལ་འཁོར་182དང་འཕྲུལ་འཁོར་རྐྱང་པའི་ཤོང་ཚད་2.0MWཟིན་པའི་འཕྲུལ་འཁོར་225ཡི་རླུང་ཤུགས་གློག་གཏོང་འཕྲུལ་ཚན་སྒྲིག་སྦྱོར་བྱས་ཡོད” འཁོར་སྐྱོད་པན་གྱི་ལས་རེས་དཔོན་གཞོན་པ་ཀན་ཧྲེང་ཞང་གིས་ཟིན་ཐོ་འགོད་བཞིན་དུ་དེ་ནི་རླུང་འཁོར་གྱི་དུས་ཐོག་གྲངས་གཞིའི་ལྟ་ཞིབ་ཚད་ལེན་མ་ལག་ཅིག་རེད། རླུང་གློག་ར་བའི་རླུང་འཁོར་400ལྷག་ཙམ་གྱི་རླུང་གི་མྱུར་ཚད་དང་། གློག་གཏོང་འཕྲུལ་འཁོར་གྱི་འཁོར་ཚད་སོགས་ཀྱི་འགུལ་རྣམ་གྲངས་གཞིར་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་ཐུབ་ཀྱི་ཡོད། གལ་ཏེ་གྲངས་གཞི་རྒྱུན་གཏན་ལྟར་མ་ཡིན་ཚེ། མ་ལག་གིས་འཕྲལ་མར་ཉེན་ཟོན་སྔོན་བརྡ་གཏོང་བ་དང་འབྲེལ་སྙན་སེང་ཡང་ཞུ་གི་ཡོད་ཅེས་བཤད།
    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་མོག་ཝོས་རླུང་གློག་ར་བས་ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆན་ཝ་ཁྲི་1703ཟིན་པ་དེ་ནི་ཀྲུང་གོའི་ཁྱིམ་ཚང་ཁྲི་78ཀྱི་ལོ་གཅིག་གི་གློག་སྤྱོད་ཚད་ཡིན་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་132ཟིན་གྱི་ཡོད་པ་རེད།
    ཡན་ཧྲེང་ཆང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་གསེར་ཆེན་རྫོང་ཚ་རྔ་འགག་གྲོང་རྡལ་ཏེ་ཧྲེང་གྲོང་ཚོའི་མི་རེད། ལོ་7གོང་ཁོང་རླུང་གློག་ར་བར་ཡོང་ནས་ཉམས་བཟོ་པན་གྱི་ཁོངས་མི་ཞིག་ཏུ་གྱུར། ལོ་མང་རིང་སློབ་སྦྱོང་ཧུར་ཐག་བྱས་པ་བརྒྱུད་ཡན་ཧྲེང་ཆང་རླུང་འཁོར་ཉམས་བཟོ་བདག་སྐྱོང་ཆེད་ལས་རྩལ་ནུས་ཀྱི་རྐང་འཛིན་པར་གྱུར་ཡོད། “རླུང་འཁོར་གཅིག་ལ་ཉམས་བཟོ་བྱེད་མཁན་མི་6དང་ཉིན་གཉིས་ཀྱི་དུས་ཚོད་འགོར་ཡོད། དེའི་རིང་ཚང་མས་ཉིན་དགུང་ཆུ་ཚོད་གཅིག་ལྷག་ཙམ་གྱི་ཁ་ལག་ཟ་བའི་དུས་ཚོད་ཕུད་སྤྱིར་ན་ཉིན་གང་པོར་གློག་ཤིང་སྟེང་དུ་ལས་ཀ་བྱེད་ཀྱི་ཡོད། ཞོགས་པ་གྱོན་པ་གཙང་མ་ཞིག་གོན་ནས་ཕྱིན་ན་དགོང་མོ་ཐལ་བ་ཚུབ་ཚུབ་ངང་ལོག་རྒྱུ་ཉག་ཅིག་རེད”ཅེས་དུས་རྒྱུན་གྱི་ལས་ཀའི་སྐོར་གླེང་སྐབས་ཡན་ཧྲེང་ཆང་གིས་གད་མོ་དགོད་བཞིན་བཤད།
   བདག་སྐྱོང་གི་ལས་ཀར་དཀའ་ལས་ཡོད་པ་མ་ཟད། ད་རུང་ཉེན་ཁ་ངེས་ཅན་ཞིག་ཀྱང་ཡོད། དཔེར་ན་རླུང་འཁོར་གྱི་རྩེ་མོར་ལས་ཀ་བྱེད་སྐབས་བར་མཐོངས་ཆུང་ལ་དྲོད་ཚད་མཐོ་བས། གློ་བུར་དུ་ལྷགས་པ་ཆེན་པོ་བརྒྱབ་ཚེ། རླུང་འཁོར་གྱི་རྩེ་མོར་ཡོམ་ཆེན་པོ་རྒྱག་གི་ཡོད།
    ཉེ་བའི་ལོ་ཤས་རིང་། རླུང་གློག་ར་བའི་འཁོར་སྐྱོད་དང་བདག་སྐྱོང་ཁྲོད་ཐོན་པའི་དཀའ་གནད་དང་ཉེན་ཁར་དམིགས་ཏེ། རྨ་ཆུ་ཀུང་སིས་དྲ་སྦྲེལ་ཅན་དང་། རིག་ནུས་ཅན། གྲངས་འཛིན་ཅན་བཅས་ཀྱི་འཕེལ་རྒྱས་མྱུར་ཚད་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་བ་དང་གསར་དར་ཚན་རིག་ལག་རྩལ་མུ་མཐུད་གསར་གཏོད་དང་བེད་སྤྱོད་བྱས་པས། རླུང་གློག་ར་བའི་འཁོར་སྐྱོད་དང་། བདག་སྐྱོང་། དོ་དམ་བཅས་ཀྱི་ལས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་ཡོད།
    གྲངས་གཞི་ལས་མངོན་པར། མིག་སྔའི་བར་གསེར་ཆེན་རྫོང་ཆོས་རྗེ་ཤང་གིས་ཁྱོན་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4000ཟིན་པའི་རླུང་གློག་ར་བ་བསྐྲུན་པ་དང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་570ཟིན་པའི་ནང་ཆན་ཝ་ཁྲི་470དྲ་སྦྲེལ་ཟིན་ཡོད། མ་ཟད་2023ལོར་ཉེ་འཁོར་གྱི་མང་ཚོགས་300ལྷག་ཙམ་ལས་ཞུགས་ཐུབ་སྟེ“རླུང་གློག”ལ་བརྟེན་ནས་ཡོང་འབབ་སྒོར་ཁྲི་1400ལྷག་ཙམ་བྱུང་ཡོད།
    གསེར་རླུང་ཚན་རྩལ་རིག་ནུས་རླུང་འཁོར་བཟོ་སྐྲུན་གྱི་སྤྱིའི་སྒྲིག་སྦྱོར་བཟོ་གྲྭའི་རྣམ་གྲངས་ཀྱི་ས་གནས་ས་ཐོག་ཏུ་སླེབས་སྐབས། ཨར་སྐྲུན་མི་སྣས་ལས་འགོ་བསྐྱར་འཛུགས་ཀྱི་ཆེད་དུ་མཐའ་མའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། “ལས་གྲྭ་འདི་ན་ནིང་ཟླ་7པར་ལས་འགོ་ཚུགས་པ་དང་མིག་སྔར་སྤྱིའི་སྒྲིག་སྦྱོར་འཁོར་ཁང་དང་ལེ་ལག་ཚང་བའི་ཞོར་གཏོགས་སྒྲིག་བཀོད་ཀྱི་གཙོ་གནད་ཨར་ལས་དང་དེ་བཞིན་ངར་ལྕགས་གྲུབ་ཆའི་ཨར་ལས་ཀྱི་ཆ་ཤས་ལེགས་གྲུབ་ཟིན་ནས་ལས་གྲྭའི་སྤྱིའི་མྱུར་ཚད་ཀྱི་70%ལེགས་གྲུབ་ཟིན་ཡོད། འཆར་གཞི་བྱས་ན་ལས་གྲྭ་འདི་ཟླ་བཞི་པའི་ཟླ་དཀྱིལ་དུ་ལས་འགོ་འཛུགས་རྒྱུ་དང་ཟླ་དགུ་པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་རེད”ཅེས་གསེར་རླུང་ཚན་རྩལ་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སིའི་འགན་འཁུར་བ་ཝང་ཐིང་གིས་བཤད།
    གསེར་རླུང་ཚན་རྩལ་རིག་ནུས་རླུང་འཁོར་བཟོ་སྐྲུན་གྱི་སྤྱིའི་སྒྲིག་སྦྱོར་བཟོ་གྲྭ་ནི་མཚོ་ལྷོ་ཀྲོའུ་ཡིས་རླུང་གློག་ཐོན་ལས་འཁོར་འབྲེལ་གཏོད་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་མཚོ་ལྷོ་ཀྲོའུ་ཡིས་ནུས་རྒྱུ་གསར་པའི་ཐོན་ལས་ཀྱི་ལེགས་ཆ་དེ་སྟོད་རྒྱུད་དུ་སྣུར་སྲིང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ“རླུང་སྙེག་མདུན་སྐྱོད”མངོན་འགྱུར་བྱུང་ཡོད།
    བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་མཚོ་ལྷོ་ཀྲོའུ་ཡི་ནུས་རྒྱུ་གཙང་མའི་གློག་གཏོང་འཕྲུལ་འཁོར་གྱི་གློག་གཏོང་ཚད་ཆན་ཝ་ཁྲི་4616ཟིན་པ་དང་དྲ་སྦྲེལ་བྱས་ནས་གློག་གཏོང་ཚད་ཆན་ཝ་ཁྲི་2626ཟིན་ནས་ཞིང་ཆེན་དེ་ཡོངས་ཀྱི་51%ཡན་བཟུང་ཡོད།